ཟི་ལིང་གིས་གངས་འཁྱགས་འགྲན་བསྡུར་གྱི་བྱེད་སྒོ་མང་པོ་སྤེལ་ནས་པེ་ཅིང་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ལ་རོགས་འདེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས20ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ལུས་རྩལ་ཅུའུ་ནས་ཤེས་གསལ་བྱུང་བར། སྔར་ལས་ལྷག་པར་གངས་འཁྱགས་ལུས་རྩལ་ཁྱབ་གདལ་བཏང་སྟེ། དམངས་ཡོངས་ལུས་རྩལ་སྦྱོང་བརྡར་དང་ཨོ་རྩལ་འགྲན་ཚོགས་མཉམ་སྤེལ་གྱི་རྣམ་པ་ཟབ་མོ་བསྐྲུན་ཆེད། ཟི་ལིང་གྲོང་ཁྱེར་གྱིས་ཟི་ལིང་ས་ཁུལ་གྱི་གནམ་ལོ་གསར་ཚེས་ཀྱི་གྲོང་སྐོར་འགྲན་བསྡུར་སྐབས་ཞེ་དགུ་པ་དང་། ཟི་ལིང་གྲོང་ཁྱེར་གྱི་གངས་འཁྱགས་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པ། སློབ་རའི་ལག་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར། སློབ་རའི་འཁྱགས་ལྟིར་མཉམ་འབྲེལ་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་ནས། ཟི་ལིང་གྲོང་ཁྱེར་གྱི་གངས་འཁྱགས་ལུས་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་ཏེ་ངོ་མཚར་ཆེ་བ་དང་། ཐུན་མོང་མ་ཡིན་པ། ཁྱད་དུ་འཕགས་པ་བཅས་ཀྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ངང་འཚོགས་པར་ལེགས་སྐྱེས་དབུལ་རྒྱུ་རེད། 

ཟི་ལིང་ས་ཁུལ་གྱི་གནམ་ལོ་གསར་ཚེས་ཀྱི་གྲོང་སྐོར་འགྲན་རྒྱུག་སྐབས་ཞེ་དགུ་པས“ལོ་བརྒྱའི་འབད་འཐབ་ཀྱི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་དང་། བདེ་ཐང་ཟི་ལིང་གིས་དགུན་དུས་ཨོ་རྩལ་འགྲན་ཚོགས་བསུ་བ”ཞེས་པ་འགྲན་བསྡུར་གྱི་བརྗོད་དོན་གཙོ་བོར་བཟུང་ནས། 2022ལོའི་ཟླ1པོའི་ཚེས1ཉིན་གྱི་སྔ་དྲོར། ཧའེ་ཧུའུ་ཁུལ་གསར་གྱི་མཚོ་སྔོན་ལུས་རྩལ་ལྟེ་གནས་ཐང་ཆེན་ལྷོ་མ་རུ་འཚོག་རྒྱུ་རེད། འགྲན་བསྡུར་ལ་མི་སྒེར་ཚན་ཆུང་དང་དལ་རྒྱུག་རུ་སྟར་ཁག་གཉིས་སུ་དབྱེ་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་དུ་འགྱུར་བའི་གནས་ཚུལ་དང་བསྟུན་ནས་ཁྱོན་བསྡོམས་མི་གྲངས3000ཡས་མས་ཚོད་འཛིན་བྱས་ཡོད་པ་དང་། ཟི་ལིང་གི་དམངས་ཡོངས་ཀྱི་ལུས་རྩལ་སྦྱོང་བརྡར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་དང་མི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་འབད་འབུངས་ཡར་བརྩོན་དང་འབད་འཐབ་བྱེད་ཕོད་པའི་དུས་རབས་གསར་པའི་བསམ་པའི་ཉམས་འགྱུར་མངོན་པར་བྱེད་རྒྱུ་རེད། 2022ལོའི་ཟླ1པོར་ཟི་ལིང་གྲོང་ཁྱེར་དུ་གངས་འཁྱག་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པ་འཛོགས་པར་གྲ་སྒྲིག་དང་། “མི་དུང་ཕྱུར་གསུམ་གངས་འཁྱགས་ལུས་རྩལ་ནང་ཞུགས་པར་སྐུལ་ཁྲིད་བྱེད་པ”མངོན་འགྱུར་ཡོང་བར་སྐུལ་འདེད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་གངས་འཁྱགས་ལུས་རྩལ་ལ་ལྷག་བསམ་ཟོལ་མེད་ཀྱིས་དོ་ཁུར་དང་དེའི་ནང་ཧུར་ཐག་གིས་ཞུགས་པར་ཁྲིད་སྟོན། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཤེས་བྱ་ཁྱབ་གདལ་དུ་བཏང་ནས། གངས་འཁྱག་ལུས་རྩལ་སྦྱོང་བརྡར་གྱི་འཛད་སྤྱོད་ཆུ་ཚད་མཐོ་རུ་གཏོང་བ། གྲོང་ཁྱེར་ཡོངས་ཀྱི་དུས་རབས་གསར་པའི་གངས་འཁྱགས་ལུས་རྩལ་འཕེལ་རྒྱས་གསར་པ་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་བ་དང་། གཞོན་ནུ་ལོ་ཆུང་སྔར་བས་མང་པོ་གངས་འཁྱགས་ལུས་རྩལ་ཁྲོད་ཞུགས་པར་བྱེད་རྒྱུ་རེད། གྲོང་ཁྱེར་ཡོངས་ཀྱི་ལག་རྩེད་སྤོ་ལོ་ཁང6དང་འཁྱགས་ལྟིར་བཀོད་སྒྲིག་བྱ་ཡུལ་སློབ་གྲྭ་དང་ལས་ཁུངས17ལ་བརྟེན་ནས། དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་མ་འཚོག་སྔོན་སློབ་གྲྭའི་ལག་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན་དང་སློབ་གྲྭའི་འཁྱགས་ལྟིར་རིམ་མཚུངས་མཉམ་འགྲན་སྤེལ་ནས་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་པ་བཟང་པོ་གཏོད་རྒྱུ་རེད།

ཟི་ལིང་གྲོང་ཁྱེར་གྱིས2020ལོར་གྲོང་ཁྱེར་རིམ་པའི་གར་སྟབས་འཁྱགས་ཤུད་རུ་ཁག་དང་འཁྱགས་འདྲེད་སྤོ་ལོའི་རུ་ཁག་བཙུགས་པར་ཁྱོན་རུ་མི400ལྷག་ཙམ་ཡོད་པ་དང་། དེ་དག་ནི་ཟི་ལིང་གྲོང་ཁྱེར་གྱིས་གསོ་སྐྱོང་བྱས་པའི་གར་སྟབས་འཁྱགས་ཤུད་དང་འཁྱགས་འདྲེད་སྤོ་ལོའི་ལུས་རྩལ་པ་ཐོག་མ་ཡིན་པ་རེད། དེའི་ནང་ཟི་ལིང་གྲོང་ཁྱེར་འཁྱགས་གར་གྱི་གར་སྟབས་རུ་ཁག་གིས་ཟི་ལིང་གྲོང་ཁྱེར་གྱི་ཚབ་བྱས་ནས་འགྲན་བསྡུར་ལ་ཞུགས་པར2021ལོའི་རྒྱལ་ཡོངས་ལུས་རྩལ་སྤྲོ་འཛོམས་ཁང་གི་གར་སྟབས་འཁྱགས་ཤུད་འགྲན་བསྡུར་གྱི་མང་ཚོགས་མཉམ་འདྲེས་ན་ཚོད་རུ་ཁག་གི་གར་སྟབས་རང་དབང་འཁྱགས་ཤུད་རྣམ་གྲངས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ཟི་ལིང་གྲོང་ཁྱེརU14འཁྱགས་འདྲེད་རུ་ཁག་མི་འགྱངས་བར་ཟི་ལིང་གྲོང་ཁྱེར་གྱི་ཚབ་བྱས་ནས་ཐེངས་དང་པོར་འགྲན་བསྡུར་ལ་ཞུགས་རྒྱུ་རེད། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།