​“ནམ་མཁའི་རྨ་སྟོད”དང“རྨ་སྟོད་ཀྱི་ནོར་ནག”ཅེས་པའི་ས་ཁོངས་ཀྱི་སྤྱི་པའི་ཟོང་རྟགས་དངོས་སུ་ཁྱབ་བསྒྲགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས16ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་དཔེ་སྟོན་རྫོང་དང་རྣམ་གྲངས་ཁྱབ་ཁོངས་ཀྱི་སྤྱི་པའི་ཟོང་རྟགས“ནམ་མཁའི་རྨ་སྟོད”དང“རྨ་སྟོད་ཀྱི་ནོར་ནག”དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། དེའི་སྟེང་ནས་རྨ་སྟོད་རྫོང་གི་ཞིང་ཕྱུགས་ཐོན་རྫས་འཕེལ་རྒྱས་ཐད་སླར་ཡང་གནད་འགག་གི་གོམ་པ་སྤོས་བས་དུས་མཚམས་གསར་པ་ཞིག་ལ་སླེབས་པ་མཚོན་ཡོད།

རྒྱུས་ལོན་པ་ལྟར་ན། “ནམ་མཁའི་རྨ་སྟོད”དང“རྨ་སྟོད་ཀྱི་ནོར་ནག”གི་སྤུས་རྟགས་དངོས་སུ་ཁྱབ་བསྒྲགས་བྱས་རྗེས། རྨ་སྟོད་ཀྱིས་རིམ་པ་བཞིན་མིག་སྔའི་ཕྱུགས་ལས་སྤུས་རྟགས་འཕེལ་རྒྱས་གཏོང་བའི་གནད་འགག་གི་དུས་ལ་སྔར་བས་དམ་འཛིན་ནན་པོ་བྱས་ཏེ“ལྗང་མདོག་དང་བདེ་འཇགས། འཚོ་བཅུད། བདེ་ཐང”བཅས་གཞིར་འཛིན་པ། “ནམ་མཁའི་རྨ་སྟོད”དང“རྨ་སྟོད་ཀྱི་ནོར་ནག”ཅེས་པའི་ཟོང་རྟགས་ཚོང་གཉེར་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ། ཚད་ལྡན་ཅན་གྱི་ཐོན་སྐྱེད་བྱེད་སྟངས་ཁྱབ་གདལ་དང་བཀོལ་སྤྱོད་བྱེད་པ། སྤུས་ཚད་དང་བདེ་འཇགས་ཀྱི་གཞི་ཐིག་ཇེ་བརྟན་དུ་གཏོང་བ། “ནམ་མཁའི་རྨ་སྟོད”དང་“རྨ་སྟོད་ཀྱི་ནོར་ནག”སྤུས་རྟགས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། རྒྱལ་ནང་གི་ཞིང་ལས་ཐོན་རྫས་ཆེ་འབྲིང་གྲས་ཀྱི་འགྲེམས་ཚོང་བྱེད་སྒོའི་ནང་ཧུར་ཐག་གིས་ཞུགས་པ། ཚོང་རྟགས་གྲགས་ཅན་གྱི་གཟུགས་བརྙན་ཇེ་ལེགས་སུ་གཏོང་བ། མིང་གྲགས་ཅན་གྱི་གློག་རྡུལ་ཚོང་དོན་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། དྲ་ཐོག་དང་དྲ་ཕྱིའི་བྲིན་ཚོང་ཐབས་ལམ་ཤར་གཏོང་ཐུབ་པ་བྱས་ནས། རྒྱ་ཆེའི་འཛད་སྤྱོད་པར་ལྗང་མདོག་དང་བདེ་ཐང་། བདེ་འཇགས། དོན་དངོས། གོང་ཁེ་བཅས་ཀྱི་རྨ་སྟོད་ཀྱི་ཁྱད་ལྡན་སྤུས་ལེགས་ཀྱི་ཞིང་ཕྱུགས་ཐོན་རྫས་མཁོ་འདོན་བྱ་རྒྱུ་རེད།

རྨ་སྟོད་རྫོང་གིས“ས་གནས་བཞི”འཛུགས་སྐྲུན་བྱེད་པར་དམིགས་ནས་སྐྱེ་ཁམས་ལྗང་མདོག་སྐྱེ་ལྡན་ཐོན་རྫས་ཐོན་ཡུལ་བཏོད་དེ་ནོར་ནག་དང་བོད་ལུག་གཙོ་བོར་བྱས་པའི་སྐྱེ་ཁམས་ལྗང་མདོག་གསོ་ཚགས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱ་རྒྱུ་ཡིན་པ་མ་ཟད། ལེགས་ཆའི་ཁེ་ལས་དང་མཉམ་ལས་བྱས་ཏེ་རྨ་སྟོད་ཀྱི་འབྲི་མོའི་འོ་མ་དང་ས་མཐོའི་ཇ་ལོ་གཙོ་བོར་བྱས་པའི་ཐོན་རྫས་ལ་བརྟེན་ནས། རྨ་སྟོད་རྫོང་གི་ལྷད་མེད་ཐོན་ལས་གསར་པ་སྐོར་ཞིག་ཞིབ་འཇུག་གསར་སྤེལ་བྱས་པའི་ནང་། “འབྲི་ཞོ”དང“འོ་ཇ”“སྐམས་ཤ་དང་བོད་ལུག་གི་ཐོན་རྫས”སོགས་ཚུད་ཡོད་ལ། རྨ་སྟོད་ཀྱི་སྐྱེ་ཁམས་ཐོན་རྫས་ཕུན་སུམ་ཚོགས་པོ་ཡོད་པས། རྨ་སྟོད་ཀྱི་ཐོན་ལས་འཕེལ་རྒྱས་གསར་བར་སྣེ་ཁྲིད་བྱ་རྒྱུ་རེད།

དེ་དང་ཆབས་ཅིག་རྨ་སྟོད་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱིས་སྤུས་ཚད་མཐོ་བའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། སྐྱེ་ཁམས་དང་ཐོན་ཁུངས་ཀྱི་ལེགས་ཆ་དེ་སྤུས་རྟགས་ཀྱི་ལེགས་ཆར་ནན་ཏན་གྱིས་བསྒྱུར་ནས་སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བར་གཉིས་ཕན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་ནས། གྲོང་གསེབ་དར་སྤེལ་ལ་སྣེ་ཁྲིད་དང་ཡོང་འབབ་འཕར་བར་རོགས་རམ་བྱ་རྒྱུ་རེད། དྲ་ཐོག་ཚོང་དོན་དཔེ་སྟོན་རྫོང་གི་རྣམ་གྲངས་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཆེན་པོ་གཉིས་དང་དེ་བཞིན་ས་གནས་དེ་གའི་འཕེལ་རྒྱས་ལྡན་པའི་ཁེ་ལས་དང་མཉམ་ལས་ཁང་ཡོད་དོ་ཅོག་ལ་བརྟེན་ནས་རྫོང་ཁོངས་ཀྱི་རྗེས་མཐུད་ཐོན་ལས་འཕེལ་རྒྱས་ལ་གོ་སྐབས་མཁོ་འདོན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།