ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁོངས་གཏོགས་ཁུལ་གྱི་ཤོག་སྦག་བདེ་འཇགས་དོ་དམ་ལ་ཤུགས་སྣོན་པ་དང་། ཁྲིམས་འགལ་ངང་ཤོག་སྦག་ཐོན་སྐྱེད་དང་ཚོང་གཉེར། སྐྱེལ་འདྲེན། གསོག་འཇོག་བཅས་རྐྱེན་གྱིས་བདེ་འཇགས་དོན་རྐྱེན་འབྱུང་བ་གཏན་འགོག་བྱ་ཆེད། ཉེ་ལམ་མཁར་ཤར་ཆུས་སྤྱི་བདེ་ཡན་ལག་ཅུས་ཀྱིས་ཁོངས་གཏོགས་ཁུལ་དུ་ཤོག་སྦག་གི་བདེ་འཇགས་ཆེད་དོན་བཅོས་སྒྲིག་བྱས་ཤིང་། བཅོས་སྒྲིག་བྱེད་སྐབས་བརྒྱད་གཅིག་ལམ་མངག་གཏོང་ཁང་གིས་ཉེན་ཁ་ཆེ་བའི་དངོས་པོ་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པའི་གྱོད་གཞི1ཞིབ་བཤེར་རྩད་གཅོད་བྱས་པ་དང་། ལྷོ་རིའི་ཤར་ལམ་མངག་གཏོང་ཁང་གིས་ཉེན་ཁ་ཆེ་བའི་དངོས་པོ་ཁྲིམས་འགལ་ངང་གསོག་འཇོག་བྱེད་པའི་གྱོད་གཞི1ཞིབ་བཤེར་རྩད་གཅོད་བྱས། གྱོད་གཞི་འདི་གཉིས་ཀྱི་ཁྲོད་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན2འཛིན་བཟུང་བྱས།
ཟླ12པའི་ཚེས15ཉིན། བརྒྱད་གཅིག་ལམ་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུས་ཧུའུ་ཀྲུའུ་ལམ་གྱི་ཚོང་ཁང་ཞིག་ཏུ་མི་ཞིག་གིས་ཁྲིམས་འགལ་ངང་ཤོག་སྦག་ཕྱི་བཙོང་པ་ཤེས་རྟོགས་བྱུང་བ་དང་། ཡུལ་དངོས་སུ་ཚོང་ཁང་དེ་ནས་བྲིན་ཚོང་བྱེད་རྩིས་ཡོད་ཅིང་ཁ་སྟོང་གྲགས་པའི་ཤོག་སྦག་བག་ཆ5དང་སྡེར་དབྱིབས་ཤོག་སྦག3གཞུང་བཞེས་བྱས། ཁྲིམས་འགལ་ནག་ཉེས་བཟོ་མཁན་ཁྲུའུ་ཆེ་གེ་མོ་མངག་གཏོང་ཁང་དུ་ཁྲིད་པ་མ་ཟད་བདེན་དཔང་འགན་སྲུང་བྱས་ཤིང་། འདྲི་གཅོད་བྱས་པ་བརྒྱུད། ཁྲུའུ་ཆེ་གེ་མོས་ཉེན་ཁ་ཡོད་པའི་དངོས་རྫས་ཁྲིམས་འགལ་ངང་ཉོ་ཚོང་བྱས་པའི་ཁྲིམས་འགལ་གྱི་དོན་དངོས་སྦ་གསང་མེད་པར་ཁས་ལེན་བྱས་པ་རེད། 《བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》ནང་གི་དོན་ཚན་སུམ་ཅུའི་གཏན་འབེབས་ལྟར། མཁར་ཤར་ཆུས་སྤྱི་བདེ་ཡན་ལག་ཅུས་ཀྱིས་ཁྲུའུ་ཆེ་གེ་མོ་ཁྲིམས་ལྟར་སྲིད་འཛིན་བཀག་སྐྱིལ་བྱས།
ཟླ12པའི་ཚེས16ཉིན། ལྷོ་རིའི་ཤར་ལམ་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་རྒྱུན་ལྡན་གྱི་ལས་ཀའི་ཁྲོད་ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུས་ཡུན་ཅ་ཁའུ་གཞིས་ཁུལ་གྱི་སྒོ་འགྲམ་གྱི་ཚོང་ཁང་ཞིག་ཏུ་ཤོག་སྦག་ཁྲིམས་འགལ་ངང་གསོག་འཇོག་བྱེད་མཁན་ཡོད་པ་ཤེས་རྟོགས་བྱུང་བ་དང་། མི་དམངས་ཉེན་རྟོག་པས་ཡུལ་དངོས་ནས་ཤོག་སྦག་རྫུན་མ40གཞུང་བཞེས་བྱས། ཞིབ་བཤེར་བྱས་པ་བརྒྱུད་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་པེན་ཆེ་གེ་མོས་ཉེན་ཁ་ཆེ་བའི་དངོས་རྫས་ཁྲིམས་འགལ་གྱིས་གསོག་འཇོག་བྱེད་པའི་ཁྲིམས་འགལ་གྱི་དོན་དངོས་ཁས་ལེན་བྱས་པ་དང་།《བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》ནང་གི་དོན་ཚན30བའི་གཏན་འབེབས་ལྟར། མཁར་ཤར་ཆུས་སྤྱི་བདེ་ཡན་ལག་ཅུས་ཀྱིས་པེན་ཆེ་གེ་མོ་སྲིད་འཛིན་བཀག་སྐྱིལ་བྱས།
རྗེས་མ་མཁར་ཤར་ཆུས་སྤྱི་བདེ་ཡན་ལག་ཅུས་ཀྱིས་ཤོག་སྦག་གི་བདེ་འཇགས་ཆེད་དོན་བཅོས་སྒྲིག་མུ་མཐུད་སྤེལ་རྒྱུ་ཡིན་པ་དང་། ཤོག་སྦག་ཁྲིམས་འགལ་ངང་ཐོན་སྐྱེད་ཚོང་གཉེར་བྱེད་པར་རྡུང་རྡེག་ནན་མོ་བཏང་སྟེ་ཁོངས་གཏོགས་ཁུལ་དུ་བདེ་འཇགས་དང་བརྟན་ལྷིང་གི་ཁོར་ཡུག་ཞིག་སྐྲུན་པར་འགན་སྲུང་བྱེད་རྒྱུ་རེད།།
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།
ཟི་ལིང་གི་མི་གཉིས་བཀག་སྐྱིལ་བྱས།