ཡུས་ཧྲུའུ་ཡི་འབྲི་ཆུའི་དབུས་རྒྱུད་དུ་གནའ་བོའི་བྲག་བརྐོས་རི་མོ་སྐོར་ཞིག་གསར་རྙེད་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཚེས17ཉིན། ཞིབ་འཇུག་མི་སྣས་ཡུས་ཧྲུའུ་ཁུལ་འབྲི་ཆུའི་དབུས་རྒྱུད་འཛོམ་ཉག་ས་ཁུལ་དུ་གནའ་བོའི་བྲག་བརྐོས་རི་མོ་སྐོར་ཞིག་གསར་རྙེད་བྱུང་བ་དང་། ཡུལ་དངོས་བསྡོམས་རྩིས་བྱས་པར་བྲག་བརྐོས་རི་མོ་རྐྱང་བ་བསྡོམས་པས191ཙམ་ཡོད་པས། འདི་ནི་ཡུས་ཧྲུའུ་གྲོང་ཁྱེར་གྱི་འབྲི་ཆུའི་དབུས་སྟོད་རྒྱུད་ས་ཁུལ་ནས་གནའ་བོའི་བྲག་བརྐོས་རི་མོ་གསར་རྙེད་བྱུང་བ་ཐེངས་དང་པོ་ཡིན་པ་རེད།

微信图片_20211220162655.jpg

ངོ་སྤྲོད་བྱས་པ་ལྟར་ན། གནའ་ཤུལ་འདི་ནི་ཡུས་ཧྲུའུ་གྲོང་ཁྱེར་འབྲོང་མདའ་ཤང་དང་ཨ་ཁྲོ་ཤང་ས་མཚམས་ཀྱི་ཤར་ལྷོའི་ཕྱོགས་སུ་ཡོད། མིག་སྔར་ཞིབ་འཇུག་མི་སྣས་བྲག་བརྐོས་རི་མོའི་སྐོར་ལ་དཔྱད་གཞི་འཚོལ་བསྡུ་དང་ཚད་ལེན། གནས་གཏན་འཁེལ། ཐོ་འགོད་སོགས་ཀྱི་ལས་དོན་སྤེལ་བཞིན་ཡོད་པ་མ་ཟད། ཆེད་མཁས་པ་གདན་དྲངས་ནས་འབྲེལ་ཡོད་ཞིབ་འཇུག་བྱེད་བཞིན་ཡོད།

微信图片_20211220162704.jpg

“འབྲི་གཡག་གི་བྲག་བརྐོས་རི་མོ་ནི་འབུར་བརྐོས་ལག་རྩལ་ལ་བརྟེན་ནས་བཟོས་པ་ཞིག་ཡིན་པ་དང་། མིའི་གཟུགས་ཀྱི་བྲག་བརྐོས་རི་མོའི་བཟོ་ལྟ་ཅུང་གཅིག་གྱུར་ཡིན་པ་དང་། མིའི་གཟུགས་ཀྱི་བྲག་བརྐོས་རི་མོ་ལ་ཁྱད་ཆོས་ཧ་ཅང་ཆེན་པོ་ལྡན་ལ། མཆོད་རྟེན་དབྱིབས་ཀྱི་རི་མོ་ཅུང་འཕྱི། བརྒ་བརྐོས་རི་མོའི་རྗེས་ཤུལ་ལ་ལྟ་ཞིབ་བྱས་པ་བརྒྱུད་འདི་དག་ནི་ལྕགས་རིགས་ཀྱི་ཡོ་བྱད་སྤྱད་པ་ཞིག་རེད། སྤྱིའི་ཆ་ནས་བཤད་ན།  གསར་དུ་རྙེད་པའི་བྲག་བརྐོས་རི་མོ་འདི་དག་གི་ནང་དོན་ཕུན་སུམ་ཚོགས་པ་དང་གྲངས་འབོར་མང་བ་མ་ཟད། བྲག་བརྐོས་རི་མོ་མང་པོ་ཞིག་ལས་ཡུས་ཧྲུའུ་གྱི་བྲག་བརྐོས་རི་མོའི་ལོ་རྒྱུས་རྒྱུན་རིང་བ་མཚོན་ཡོད་པ་མ་ཟད། མཚོ་བོད་ས་མཐོའི་ཤར་ཕྱོགས་ཀྱི་བྲག་བརྐོས་རི་མོའི་ལོ་རྒྱུས་ཀྱི་གནའ་བོའི་རང་བཞིན་ཡང་མཚོན་གྱི་ཡོད་པ་རེད ཅེས་ཞི་ཨན་མཛེས་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་ཀོའུ་ཨའེ་ཕིང་གིས་བཤད།

微信图片_20211220162744.jpg

ཞིབ་འཇུག་མི་སྣ་རིན་ཆེན་ཉི་མས་ངོ་སྤྲོད་བྱས་པ་ལྟར་ན། གསར་དུ་ཤེས་རྟོགས་བྱུང་བའི་བྲག་བརྐོས་རི་མོ་འདི་དག་ལ་སྣ་མང་བྲག་བརྐོས་རི་མོ་དང་སྣ་གཅིག་བྲག་བརྐོས་རི་མོ་གཉིས་ཀ་ཡོད་ལ། ཉར་ཚགས་བྱས་པ་བཟང་བ་དང་ནང་དོན་ཕུན་སུམ་ཚོགས་པོ་འདུག གཙོ་བོ་འབུར་བརྐོས་ཀྱི་འབྲི་གཡག་གི་རི་མོ་གཙོ་བོར་བྱས་ཡོད་པ་དང་ཤྭ་བ་དང་མི་སྣ་ཉུང་ཤས་ཀྱི་རི་མོ་ཡང་ཡོད་ལ། དུས་མཇུག་གི་བྲག་བརྐོས་རི་མོའང་ཡོད་པ་རེད། གནའ་བོའི་བྲག་བརྐོས་རི་མོས་འབྲི་ཆུའི་སྟོད་རྒྱུད་དང་སྨད་རྒྱུད་ཀྱི་གནའ་བའི་དུས་སྐབས་ཀྱི་རིག་གནས་འབྲེལ་བ་སྔར་བས་བཟང་བ་མཚོན་ཡོད་པ་མ་ཟད། གནའ་བོའི་མིའི་རིགས་ཀྱི་གནས་སྤོའི་རྗེས་ཤུལ་གྱི་ལམ་བུ་ཇེ་གསལ་དུ་བཏང་ཡོད་པས། ཡུས་ཧྲུའུ་གྱི་ལོ་རྒྱུས་འཕོ་འགྱུར་དང་འཕེལ་རྒྱས་ཐད་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ཡོད་པར་བཤད།

微信图片_20211220162709.jpg

“གསར་དུ་རྙེད་པའི་བྲག་བརྐོས་རི་མོ་འདི་དག་གི་གྲངས་འབོར་མང་བ་དང་ནང་དོན་ཕུན་སུམ་ཚོགས་པ། དུས་ཡུན་ཅུང་རིང་ལ། དུས་སྔ་འཕྱི་གཉིས་ཀྱི་ཁྱད་ཆོས་ལྡན་པའི་རི་མོ་འདི་དག་ནང་སྲོག་ཆགས་ཀྱི་བཟོ་ལྟ་སྣ་ཚོགས་དང་ཁྱད་ཆོས་ལྡན་པའི་རྔོན་པའི་གཟུགས་བརྙན་འདུས་ཤིང་། བཙན་པོའི་རྒྱལ་རབས་དུས་ཀྱི་བྲག་བརྐོས་རི་མོ་གནའ་རབས་བྲག་བརྐོས་རི་མོའི་སྟེང་བརྐོས་ཡོད་པ་གསར་རྙེད་བྱུང་བ་ཐེངས་དང་པོ་ཡིན་པས། ཡུས་ཧྲུའུ་གྱི་རྡོ་བརྐོས་རིག་གནས་ཀྱི་སྲོལ་རྒྱུན་ཤེས་རྟོགས་བྱེད་པར་དོན་སྙིང་གལ་ཆེན་ལྡན”ཅེས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བྲག་བརྐོས་རི་མོའི་ལྟེ་གནས་ཀྱི་ཀྲུའུ་རེན་དང་དགེ་རྒན་ཆེན་མོ་ཀྲང་ཡཱ་ཧྲ་ཡིས་བཤད།

微信图片_20211220162747.jpg

ཤེས་རྟོགས་བྱུང་བ་ལྟར་ན། ཡུས་ཧྲུའུ་གྱི་འབྲི་ཆུའི་བྲག་བརྐོས་རི་མོའི་ནང་དོན་ཕུན་སུམ་ཚོགས་པ་དང་བརྗོད་གཞི་རྒྱ་ཆེ་བ་ཞིག་རེད། མིག་སྔའི་བར། ཁྲི་འདུ་རྫོང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཞིབ་འཇུག་མི་སྣས་འབྲི་ཆུའི་འབབ་རྒྱུད་དུ་གནའ་བོའི་བྲག་བརྐོས་རི་མོ་སུམ་སྟོང་ལྷག་ཤེས་རྟོགས་བྱུང་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།