མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་སྟོབས་ཤུགས་ཡོད་རྒུས་མཚོ་བོད་ཀྱི་ཚན་རིག་རྟོག་ཞིབ་ལས་དོན་བདེ་བླག་ངང་སྤེལ་བར་ཞབས་འདེགས་ཞུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས17ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་ནས་ཤེས་གསལ་བྱུང་བར། 2021ལོར་ཞིང་ཆེན་ཚན་རྩལ་ཐིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཚོ་བོད་ཚན་རིག་རྟོག་ཞིབ་མགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། བྱ་བའི་བཀོད་སྒྲིག་ལ་དམ་པོར་དམིགས་པ། རང་འགུལ་ངང་བྱ་སྤྱོད་ཧུར་ཐག་གིས་སྤེལ་བ། ཚན་རིག་རྟོག་ཞིབ་དོ་དམ་ཞབས་ཞུ་གསར་གཏོད་དང་། ལྟེ་གནས་འགན་ལེན་གྱི་གཞི་གྲངས་འཛུགས་པ། ཚན་རིག་རྟོག་ཞིབ་ཀྱི་ལས་སྟེགས་རྟེན་གཞི་སྐྲུན་པ། ནུས་པ་ཆེ་རུ་བཏང་ནས་ཚན་རིག་རྟོག་ཞིབ་ཀྱི་ཞབས་ཞུ་འགན་ལེན་བཅས་བྱས་པ་རེད། ད་ལོ་ནས་བཟུང་ཞིང་ཆེན་ཕྱི་ནང་གི་ཚན་རིག་རྟོག་ཞིབ་རུ་མི་མི་ཐེངས་གྲངས120ལྷག་ལ་ཞབས་ཞུའི་འགན་ལེན་ཧུར་ཐག་བྱས་ནས། མཚོ་བོད་ཚན་རིག་རྟོག་ཞིབ་ཀྱི་ལས་འགན་ཐེངས་གཉིས་པ་མཚོ་སྔོན་དུ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་ལེན་བྱས།

མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་བརྒྱུད་རིམ་ཧྲིལ་པོ་ཆ་འཕྲིན་ཅན་དུ་འགྱུར་བར་སྐུལ་འདེད་ཧུར་ཐག་གཏོང་ཆེད། ཞིང་ཆེན་ཚན་རྩལ་ཐིང་གིས་མཚོ་བོད་ཚན་རིག་རྟོག་ཞིབ་ཀྱི་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུའི་འགན་ལེན་མ་ལག་ཐེངས་གཉིས་པ་རང་བརྟེན་གསར་སྤེལ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་པ་མ་ཟད། མཚོ་བོད་ཚན་རིག་རྟོག་ཞིབ་རུ་མིར་དྲ་ཐོག་དང་དྲ་ཕྱིའི་ཚན་རིག་རྟོག་ཞིབ་དོ་དམ་གྱི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱས་པས་རྒྱལ་ཁབ་ཚན་རིག་རྟོག་ཞིབ་གཞུང་ལས་ཁང་དང་། བོད་ལྗོངས། ཡུན་ནན། སི་ཁྲོན། ཀན་སུའུ། ཞིན་ཅང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཚན་རིག་རྟོག་ཞིབ་དོ་དམ་སྡེ་ཚན་དང་དེ་བཞིན་ཚན་ཞིབ་རུ་མིར་སྟབས་བདེ་ཆེན་པོ་བསྐྲུན་ཡོད། མིག་སྔར་མ་ལག་དེས་ཁག240ལྷག་གི་མི་ཐེངས3000ལྷག་ཙམ་གྱི་ཚན་རིག་རྟོག་ཞིབ་རུ་མིར་ཆ་འཕྲིན་གྱི་འདེགས་སྐྱོར་ཞབས་ཞུ་མཁོ་འདོན་བྱས་ཏེ། བརྒྱུད་རིམ་ཧྲིལ་པོའི་ཚན་རིག་རྟོག་ཞིབ་ཆ་འཕྲིན་དེ“ཤོག་རིགས་ཅན”ནས“གྲངས་འཛིན་ཅན”དུ་འགྱུར་བར་བྱ་རྒྱུ་རེད། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་གོ་ཚན་རིག་ཁང་དང་བཞག་པའི《རྒྱལ་ཁབ་མཚོ་བོད་མཐོ་སྒང་གི་ཚན་རིག་གཞི་གྲངས་ལྟེ་གནས་ཀྱི་མཚོ་སྔོན་ཡན་ལག་ལྟེ་གནས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན》ལ་བརྟེན་ནས། ཞིང་ཆེན་ཚན་རྩལ་ཐིང་གིས་མཚོ་སྔོན་ཡན་ལག་ལྟེ་གནས་བསྐྲུན་པར་དུས་ལྟར་རྗེས་སྙེགས་དང་སྐུལ་འདེད་ཧུར་ཐག་བཏང་། མིག་སྔར། རྒྱལ་ཁབ་མཚོ་བོད་མཐོ་སྒང་གི་ཚན་རིག་གཞི་གྲངས་ལྟེ་གནས་ཀྱི་ཐོན་ཁུངས་ཕབ་ལེན་བྱེད་ཚད3TBདང་གཞི་གྲངས1461ལེགས་འགྲུབ་བྱས་ནས། མཚོ་བོད་མཐོ་སྒང་གི་ཚན་རིག་གཞི་གྲངས་ཐོན་ཁུངས་ཀྱི་དཔྱད་གཞི་གསར་སྐྲུན་དང་ཡུལ་གཞན་གྱི་གྲབས་ཉར་མངོན་འགྱུར་བྱུང་སྟེ། མཚོ་བོད་མཐོ་སྒང་གི་ཚན་རིག་གཞི་གྲངས་བདེ་འཇགས་འགན་ལེན་ནུས་ལྡན་བྱས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི1999ལོ་ནས་བཟུང་སྐྱེ་ཁམས་དང་ཆུ་དཔྱད། ས་ཁམས། ཁོར་ཡུག་སོགས་ཐད་ཀྱི་གཞི་གྲངས་ཐོན་ཁུངས་ཁྱོན1080བསྡུ་རུབ་དང་ལེགས་སྒྲིག་བྱས་ནས། རྒྱལ་ཁབ་མཚོ་བོད་མཐོ་སྒང་གི་ཚན་རིག་གཞི་གྲངས་ལྟེ་གནས་སུ“མཚོ་སྔོན་ཞིང་ཆེན་གྱི་ཆེད་དོན”བཙུགས། 

མཚོ་བོད་ཀྱི་ཚན་རིག་རྟོག་ཞིབ་ལས་དོན་ཐེངས་གཉིས་པར་ཕྱོགས་ཡོངས་ནས་ཞབས་འདེགས་དང་འགན་ལེན་བྱ་ཆེད། ཞིང་ཆེན་ཚན་རྩལ་ཐིང་གིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། ན་གོར་མོ་གྲོང་ཁྱེར་སོགས་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་བྱས་ཏེ་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་ཕྱི་རོལ་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་རྟེན་གཞི་གཅིག་འདོམས་འཆར་འགོད་འཛུགས་སྐྲུན་བྱས་པ་མ་ཟད།《མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞབས་ཞུའི་ལས་སྟེགས་དང་ཕྱི་རོལ་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་རྟེན་གཞིའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཆོག་འཐུས་རང་བཞིན་གྱི་ཞིབ་འཇུག་སྙན་ཞུ》བཟོས། བྱེས་སུ་འགོག་སྲུང་དང་རིམས་ནད་འགོག་སྡོམ། འཕྲལ་སྡོམ་འགན་ལེན་སོགས་ཚན་རིག་རྟོག་ཞིབ་ཀྱི་ཞབས་ཞུ་འགན་ལེན་དང་ལས་སྒོའི་གསོ་སྦྱོང་རྩ་འཛུགས་བྱས་ནས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ལ་ཚན་ཞིབ་འགན་ལེན་གྱི་དངོས་ཟོག་དུས་ཐོག་ཏུ་བཀོད་སྒྲིག་བྱས་པས། ས་གནས་ཀྱི་ཞབས་ཞུ་འགན་ལེན་གྱི་ཚན་རིག་རྟོག་ཞིབ་ཀྱི་ནུས་པ་དང་ཆུ་ཚད་ནུས་པ་ལྡན་པའི་སྒོ་ནས་མཐོ་རུ་ཕྱིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།