ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་མི་རིགས་བྱ་བའི་ཚོགས་འདུ་ཟི་ལིང་ནས་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་ཚོགས་འདུར་ཕེབས་ཤིང་གསུང་བཤད་གནང་། ཁོང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་དབྱང་མི་རིགས་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ནན་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་སྐོར་གྱི་དགོངས་པ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་པོར་འཛུགས་པ་གཙོ་སྐུད་དུ་འཛིན་པ་དང་། རྒྱལ་གཅེས་རིང་ལུགས་སྲོག་ཤིང་ཡིན་པའི་མི་རིགས་སྙིང་སྟོབས་དང་བཅོས་སྒྱུར་གསར་སྐྲུན་སྲོག་ཤིང་ཡིན་པའི་དུས་རབས་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་བཏང་སྟེ། དུས་རབས་གསར་པའི་མཚོ་སྔོན་གྱི་མི་རིགས་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཚོགས་འདུར་མགོ་འཛིན་མཛད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་སྤྱི་བསྡོམས་གསུང་བཤད་གནང་། ཞིང་ཆེན་གྱི་མགོ་ཁྲིད་པ་རྡོ་རྗེ་རབ་བརྟན་དང་ལི་ཅེ་ཞང་། ཡུས་ཚུང་ལི། ཡན་པའེ། ཁྲུན་རོས་ཧྥིན། བང་ལིས་མེན། ཀྲའོ་ཡུའོ་ཞ། མ་ཝེ། དབྱང་ཧྥིན་ཁྲུན། དབྱང་ཀྲི་ཝུན། ཀྲང་ཙི་ཅུན། ཁྲ་ཆིན་ཅུག་བཅས་ཚོགས་འདུ་ལ་ཞུགས།
ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། འཕེལ་རྒྱས་བརྟན་པོར་བཟོ་བ་ནི་དངོས་པོའི་རྨང་གཞི་ཡིན་ལ། མཐུན་སྒྲིལ་གཅིག་སྡུད་བྱེད་པ་ནི་བསམ་བློའི་སྟོབས་ཤུགས་ཡིན། དངོས་པོའི་རྨང་གཞི་ཡོད་པ་དང་བསམ་བློའི་སྟོབས་ཤུགས་ལྡན་ན་མི་རིགས་བྱ་བ་ལེགས་པོར་སྒྲུབ་པའི་རྟིང་ཤུགས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཚོ་སྔོན་ནས་མི་རིགས་བྱ་བ་མ་བཟུང་ན་ཁྱོན་ཡོངས་ཀྱི་བྱ་བ་འཛིན་ཐབས་མེད”ཅེས་པའི་མཛུབ་སྟོན་གལ་ཆེན་གནང་བ་དུས་དང་རྣམ་པ་ཀུན་ཏུ་ཡིད་ལ་དམ་པོར་བཅངས་ཏེ། ཞིང་ཆེན་གྱི་གནས་ཚུལ་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བའི་གཙོ་སྐུད་དང་དམ་པོར་སྦྲེལ་དགོས་ལ། དུས་རབས་གསར་པའི་མི་རིགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་གཏོང་དགོས། ཏང་གིས་མི་རིགས་བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་པར་སྔར་ལས་ཤུགས་བསྣན་ཏེ། མི་རིགས་བྱ་བའི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་མི་རིགས་བྱ་བའི་སྒྲིག་གཞི་དང་སྟོབས་ཤུགས་འཛུགས་སྐྲུན་དང་མི་རིགས་ཆོས་ལུགས་རིགས་གཞུང་ཤེས་བྱའི་གསོ་སྦྱོང་ལ་ཤུགས་སྣོན་པ་དང་། མི་རིགས་བྱ་བ་ལེགས་པོར་སྒྲུབ་པའི་ནུས་པ་བསྐྱེད་ནས། ཏང་གིས་མི་རིགས་ས་ཁུལ་དུ་སྲིད་སྐྱོང་བའི་གཞི་རྩ་སྔར་ལས་སྲ་བརྟན་དུ་གཏོང་དགོས། བློ་བརྟན་འགྱུར་མེད་སྒོས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ལ་བརྟེན་ནས་མི་རིགས་ས་ཁུལ་གྱི་གནད་དོན་ཡོད་ཚད་ཐག་གཅོད་པའི་བྱེད་ཐབས་གལ་ཆེན་ལག་བསྟར་བྱེད་པ། དམངས་ཚིས་ཁྱབ་ཁོངས་ཀྱི་ཞན་ཆ་མྱུར་དུ་ཁ་གསབ་བྱས་ནས་རིགས་སོ་སོའི་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་བ་ཡོངས་སུ་སྐོང་དགོས། སྐྱེ་ཁམས་དང་སྲུང་སྐྱོབ། གྲོན་ཆུང་བཅས་ཐོག་མར་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མི་དང་རང་བྱུང་འཆམ་མཐུན་འཕེལ་རྒྱས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་གཏོང་དགོས། རྒྱུན་མཐུད་སྒོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་ལེགས་པོར་བྱས་ཏེ། གཙོ་བོ་ནང་དོན་ཕུན་སུམ་ཇེ་ཚོགས་དང་། རྣམ་པ་སྣ་ཚོགས། བྱེད་ཐབས་གསར་སྐྲུན་བཅས་བྱེད་དགོས། གསར་སྐྲུན་དེ་དཔལ་འབྱོར་འཕེལ་རྒྱས་དང་། སྐྱེ་ཁམས་སྲུང་སྐྱོང་། དམངས་ཚིས་ལེགས་བཅོས། ཆོས་ལུགས་དོ་དམ། སྤྱི་ཚོགས་བརྟན་འཇགས་བཅས་ཀྱི་བར་དུ་ཕན་ཚུན་གཞོགས་འདེགས་བྱེད་པར་སྐུལ་འདེད་བཏང་ནས། གསར་སྐྲུན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་རྒྱང་རིང་གི་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ཧུར་ཐག་སྒོས་མི་རིགས་སོ་སོའི་བར་གྱི་འགྲོ་འོང་དང་འབྲེལ་འདྲིས་ཇེ་མང་དུ་འགྲོ་བར་སྐུལ་འདེད་བཏང་སྟེ། མི་རིགས་སོ་སོས་བར་སྟོང་དང་རིག་གནས། དཔལ་འབྱོར། སྤྱི་ཚོགས། སེམས་ཁམས་སོགས་ཕྱོགས་དང་ཁྱོན་ཡོངས་ནས་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་ཞིང་སྡེ་རུ་མཉམ་གནས་དང་མཉམ་སློབ། མཉམ་སྐྲུན། མཉམ་སྤྱོད། མཉམ་སྒྲུབ། མཉམ་སྤྲོ་བྱས་ནས“སེ་འབྲུའི་རྡོག་པོ་ལྟ་བུའི་གཞིས་ཁྱིམ”འཛུགས་སྐྲུན་བྱས་ནས། བློ་བརྟན་འགྱུར་མེད་སྒོས་རིགས་སོ་སོའི་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་དགོས།
ཞིན་ཁྲང་ཞིང་གིས་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་བྱ་བའི་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་སྐུད་དུ་བཟུང་སྟེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱེད་པའི་ལས་འགན་གལ་ཆེན་དམ་འཛིན་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་ཐུགས་རེ་ལྷག་ལུས་མེད་པར་འགུལ་སྐྱོད་སྟེང་དུ་དངོས་འབེབས་དང་། བྱ་བའི་ཁྲོད་ཞིབ་ཆར་བཟོས་ཏེ། སེམས་པ་སྣོད་གཅིག་དང་། སེམས་ཤུགས་གཞི་གཅིག སྟོབས་ཤུགས་ཕྱོགས་གཅིག་ཏུ་བསྡུས་ནས། དུས་རབས་གསར་པའི་རང་ཞིང་གི་མི་རིགས་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
མགོན་པོ་བཀྲ་ཤིས་ཀྱིས་སྤྱི་བསྡོམས་གསུང་བཤད་ལས་བསྟན་དོན། ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ལས་འགན་གལ་ཆེན་དུ་བཟུང་ནས། གཙོ་སྐུད་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱེད་རྒྱུ་དམ་པོར་འཛིན་པ། དགོངས་དོན་གྱི་ངོ་བོ་གསལ་པོར་རྟོགས་པ། སྲོག་ཤིང་གི་རྩ་གནད་ལ་ཁོང་དུ་ཆུད་པར་བྱས་ནས། དམིགས་འབེན་ལས་འགན་གསལ་པོར་བཟོ་བ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་གཙོ་གཞིའི་འགན་འཁྲི་ནན་མོར་འཛིན་པ། གཟབ་ཐོག་བརྟན་སྐྱོད་རྒྱུན་འཁྱོངས་བྱས་ནས། ཁྱོན་ཡོངས་དང་གནད་འཁེལ། ཚན་རིག་དང་མཐུན་པའི་སྒོ་ནས་ཀྲུང་དབྱང་གི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་ཐུགས་རེ་དངོས་འབེབས་ལེགས་པོར་བྱེད་དགོས།
ཚོགས་ཐོག་ནས《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་ཐིག་ཏུ་བཟུང་ནས་དུས་རབས་གསར་པའི་མཚོ་སྔོན་གྱི་མི་རིགས་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་། །
རྩོམ་སྒྲིག་པ། གསང་བདག་རྒྱལ།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་མི་རིགས་བྱ་བའི་ཚོགས་འདུ་འཚོགས།