མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་གྲ་སྒྲིག་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས17ཉིན།  མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲ་སྒྲིག་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་ཚོགས་འདུར་ཕེབས་ཤིང་གསུང་བཤད་གནང་། 

ཏུའུ་ཅེ་ཡིས། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་ནི་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་གསར་པའི་སྒོ་གླེགས་རྣམ་པར་ཕྱེ་བ་དང་། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་སྐྱོད་པའི་རྒྱབ་ལྗོངས་འོག་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་ཡིན། ཚོགས་ཆེན་གྱི་གྲ་སྒྲིག་བྱ་བ་ནི་ལས་བཟོ་པ་ཡོངས་ཀྱི་ཆབ་སྲིད་ལངས་གནས་དང་ནུས་པ་འཇོན་ཐང་། བྱ་བའི་ལས་སྲོལ་བཅས་ལ་གཅིག་བསྡུས་བརྟག་བཤེར་བྱེད་པ་ཡིན་པས། ངོས་འཛིན་སྟེང་སྔར་བས་མཐོར་བཏེགས་ཏེ། ལས་འགན་གྱི་བསམ་པ་དང་། འགན་འཁྲིའི་བསམ་པ། བྲེལ་འཚུབ་ཀྱི་བསམ་པ་བཅས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། གྲ་སྒྲིག་བྱ་བའི་ཇུས་གཞི་ལྟར། དུས་གནད་ལ་དམ་འཛིན་བྱས་ནས། ལས་དོན་ཁག་སོ་སོ་ཞིབ་ཅིང་ཕྲ་བར་དངོས་སུ་སྒྲུབ་དགོས། མཐུན་སྦྱོར་སྟེང་སྔར་བས་སྟོབས་ལྡན་པར་བྱས་ཏེ། གྲ་སྒྲིག་བྱ་བ་ནི“བསམ་ཇུས་གཅིག”ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། བརྗེ་རེས་མཐུན་སྦྱོར་ལ་ཤུགས་སྣོན་པ། གྲོས་ཚོགས་ཀྱི་མཛད་རིམ་ཚགས་དམ་པོས་སྦྲེལ་མཐུད་བྱེད་པ་དང་བྱ་བ་གོ་རིམ་ལྡན་པས་སྐུལ་འདེད་གཏོང་བར་ཁག་ཐེག་བྱེད་དགོས། གཙོ་གནད་སྟེང་སྔར་བས་ཁ་གསལ་བཟོས་ཏེ། གྲོས་ཚོགས་ཀྱི་རྒྱུ་ཆ་དང་གྲོས་འདོན་བྱ་བ། ཚོགས་དོན་དང་རྒྱབ་ཕྱོགས་ཞབས་འདེགས་འགན་སྲུང་། རིམས་ནད་འགོག་སྡོམ་སྤུས་ཚད་འགག་སྒོ་བཅས་ནན་མོར་འཛིན་པ་དང་། ལེགས་ཆ་བརྟན་ཅིང་ཞན་ཆ་གསབ་པ། ཞིབ་ཆ་ལེགས་པར་འཛིན་པའི་ཐད་མུ་མཐུད་དུ་ཤུགས་འདོན་དགོས། དངོས་འབེབས་སྟེང་སྔར་བས་ཤུགས་བསྣན་ཏེ། བྱ་བའི་སྤུས་ཚད་དང་ནུས་ཕྱོད་མཐོར་འདེགས་པ་དང་། བྱ་བའི་དངོས་འབེབས་གཟབ་ནན་གྱིས་བཟུང་སྟེ། སྤུས་ཚད་མཐོ་བའི་སྒོ་ནས་གྲ་སྒྲིག་བྱ་བ་ལེགས་པར་འགྲུབ་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།