ཚོགས་འདུའི་ཡུལ་དངོས།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ས་གནས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བ་དང་།གཏེར་ལམ་རྫོང་གི་རིགས་སོ་སོའི་མང་ཚོགས་ཀྱི་ལས་ཞོར་གྱི་རིག་གནས་འཚོ་བ་ཕུན་ཚོགས་སུ་གཏོང་བ། ཀྲུང་གོའི་གུང་ཁྲན་ཏང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བར་ལེགས་སྐྱེས་འབུལ་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་རིག་རྩལ་དར་ཆ་མཐོན་པོར་བསྒྲེང་ཏེ་དམངས་སེམས་གཅིག་སྒྲིལ་དང་རིག་རྩལ་དར་སྤེལ། སྣང་བརྙན་བཞེངས་སྐྲུན་གྱི་དགོངས་དོན་དངོས་འབེབས་བྱེད་ཆེད། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གཏེར་ལམ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཐུགས་ཁུར་དང་མཛུབ་སྟོན་འོག གཏེར་ལམ་རྫོང་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། གཏེར་ལམ་རྫོང་གསེར་ཁྱུང་སྐོར་བྲོ་མཐུན་ཚོགས་ཀྱིས་འགན་སྒྲུབ་བྱས་ལ། མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མཚོ་སྔོན་རི་དཀར་པོ་གློག་བརྙན་འཕྲིན་རིག་གནས་སྨྱན་བྱེད་ཚད་ཡོད་ཀུང་ཟིས་མཉམ་འབྲེལ་ངང་གསར་རྩོམ་ཕབ་སྐྲུན་བྱས་པའི་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་མཚར་སྡུག་གཏེར་ལམ་མཉམ་དུ་བསྐྲུན་ཞེས་པ་བརྗོད་དོན་ཡིན་པའི༼གཏེར་ལམ་སྐོར་བྲོ༽ལེགས་འགྲུབ་བྱུང་ནས་དངོས་སུ་འགྲེམས་སྤེལ་བྱས།
གཏེར་ལམ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་དང་། རྫོང་ཐད་གཏོགས་ལས་ཁུངས་ཁག་གཅིག་གི་འགན་ཁུར་བ་གཙོ་བོ། ཞང་དང་གྲོང་རྡལ་ཁག་ཅིག་གི་འགོ་ཁྲིད་པ། དེ་མིན་ད་དུང་ཞང་དང་གྲོང་རྡལ་སོ་སོའི་རིག་རྩལ་ས་ཚུགས་ཀྱི་འགན་ཁུར་བ་དང་གཏེར་ལམ་རྫོང་གི་རིག་རྩལ་མཐུན་ཚོགས་སོ་སོའི་འགན་ཁུར་བ།གསར་རྩོམ་འཐུས་ཚབ་མི་སྣ་དང་ཞབས་བྲོ་འཁྲབ་སྟོན་སོགས་མི་དྲུག་ཅུ་ལྷག་འགྲེམ་སྤེལ་མཛད་སྒོའི་སྟེང་ཞུགས།
གཙོ་སྒྲུབ་ལས་ཁུངས་ཀྱིས་སྐོར་བྲོ་དངོས་སུ་ལེགས་གྲུབ་བྱུང་ནས་འགྲེམ་སྤེལ་བྱས་པ་ཁྱབ་བསྒྲགས་བྱས་ཤིང་། གསར་རྩོམ་གྱི་ཐོག་མའི་ཀུན་སློང་དང་དམིགས་འབེན། གསར་རྩོམ་བརྒྱུད་རིམ་སོགས་མཚམས་སྦྱོར་བྱས། གསར་རྩོམ་འཐུས་ཚབ་པས་གསར་རྩོམ་དཔུང་སྡེ་དང་གསར་རྩོམ་གྱི་ཁྱད་ཆོས་ངོ་སྤྲོད་བྱས་ཤིང་། གསར་དུ་བརྩམས་པའི་གཏེར་ལམ་སྐོར་བྲོ་ལ་ཁྱད་ཆོས་ལྔ་ལྡན་སྐོར་ནས་མཚམས་སྦྱོར་བྱས་པ་སྟེ། གཏེར་ལམ་སྐོར་བྲོ་ནི་དེང་སྐབས་མཚོ་ནུབ་ཡུལ་ནས་གསར་རྩོམ་ཐོག་མ་ཡིན་པ་དང་གཅིག གསར་རྩོམ་མི་སྣའི་ཆེད་ལས་ཀྱི་བྱང་ཚད་ཅུང་མཐོ་བ་དང་གཉིས། གསར་རྩོམ་གྱི་ཐབས་ལམ་དང་མཚོན་ཐབས་གསར་བ་ཡིན་པ་དང་གསུམ། གཏེར་ལམ་ཕྱི་ལ་དྲིལ་སྒྲོག་གི་སྟེགས་བུ་བསྐྲུན་ཡོད་པ་དང་བཞི། མི་རིགས་མཐུན་སྒྲིལ་ལ་གསེར་གྱི་ཟམ་པ་བསྐྲུན་ཡོད་པ་དང་ལྔ་བཅས་ཀྱི་ཐུན་མིན་ཁྱད་ཆོས་ཡོད་པ་བརྗོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་རིག་རྩལ་ནི་དུས་རབས་མདུན་སྐྱོད་ཀྱི་འབོད་སྐུལ་ཡིན་ལ། འདིས་དུས་རབས་ཤིག་གི་སྣང་བརྙན་མཚོན་ཞིང་། དུས་རབས་ཤིག་གི་དར་སྲོལ་མཚོན་པས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ལ། རིག་རྩལ་གྱི་ནུས་པར་གཞན་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པའི་དགོངས་དོན་གལ་ཆེན་ལྟར། གཏེར་ལམ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཐུགས་ཁུར་དང་རྒྱབ་སྐྱོར་འོག གསེར་ཁྱུང་སྐོར་བྲོ་མཐུན་ཚོགས་ཀྱིས་དུས་དང་རྣམ་པ་ཀུན་དུ་མི་རིགས་རིག་གནས་རྒྱུན་འཛིན་དང་།གཏེར་ལམ་གྱི་ཡུལ་སྲོལ་གོམས་གཤིས་དར་སྤེལ། མི་རིགས་མཐུན་སྒྲིལ་གྱི་མཛའ་བརྩེ་ཇེ་དྲག་ཏུ་གཏོང་བ་བཅས་ལ་ཤུགས་བསྣན་ཞིང་།མཛེས་སྡུག་གི་གཏེར་ལམ་མཉམ་སྐྲུན་ཐད་ཧུར་བརྩོན་བྱས་ཏེ། གཏེར་ལམ་གྱི་གནས་སྐོར་སྤུས་ལེགས་འཕེལ་རྒྱས་དང་། གཏེར་ལམ་ཕྱི་ཕྱོགས་སུ་དྲིལ་སྒྲོག་ཐད་ནུས་པ་མི་དམན་པ་བཏོན།
གསར་དུ་བརྩམས་པའི《གཏེར་ལམ་སྐོར་བྲོ 》
རྒྱུས་ལོན་པ་ལྟར་ན། གཏེར་ལམ་སྐོར་བྲོ་ནི་དུས་ཡུན་ལོ་ངོ་ལྔའི་རིང་ལ་ཇུས་འགོད་པ་དང་གསར་རྩོམ་མི་སྣས་ཐོག་མའི་འཆར་འགོད་དང་བར་གྱི་གསར་རྩོམ།མཇུག་གི་འགྲེམ་སྤེལ་གོ་རིམ་བརྒྱུད་ཡོད་པ་ཞིག་ཡིན་ལ། བརྩམས་ཆོས་ཀྱིས་གཏེར་ལམ་རྫོང་གི་གནས་སྐོར་ལྗོངས་ཁུལ་གྲགས་ཅན་ཏེ་གཏེར་ལམ་གནའ་བོའི་བང་སོའི་ཁྱུ་ཚོགས་དང་མེ་ཏོག་ལུང་པ། མགྲོན་ལམ།བཀྲ་ཤིས་ཆུ་སྒང་། དཔོན་ས་རི་རྒྱུད་དང་རྒུ་རུ་ལུང་པ་སོགས་ལས་གཞན་ད་དུང་མཚོ་ནུབ་ཀྱི་ལྗོངས་ཁུལ་གྲགས་ཅན་འགའ་ཕྱོགས་བསྡུས་བྱས་ཏེ། གཏེར་ལམ་རྫོང་དང་མཚོ་ནུབ་ཀྱི་གནས་སྐོར་རིག་གནས་ཀྱི་བྱ་གཞག་སྐས་རིམ་གསར་བར་སྐུལ་ཁྲིད་བྱས་ཤིང་། རིག་རྩལ་གསར་རྩོམ་གྱིས་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཕྱོགས་ལ་ལེའུ་གསར་བ་བྲིས། །
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།
གསར་དུ་བརྩམས་པའི༼གཏེར་ལམ་སྐོར་བྲོ ༽དངོས་སུ་འགྲེམས་སྤེལ་བྱས།