ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས5ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཞིང་ལས་ཞིང་སྡེ་སྡེ་ཁག་གིས་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པ་དེ"ཞིང་གསུམ"ལས་དོན་གྱི་ཐོག་མའི་ལས་འགན་དུ་བརྩིས་ནས། ཞིང་ས"འབྲུ་མིན་ཅན"དུ་བསྒྱུར་བ་བཀག་འགོག་བྱས་ཏེ་འབྲུ་རིགས་ཐོན་སྐྱེད་གཏན་འཇགས་སུ་གཏོང་བའི་ལས་དོན་གྱི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱས་ལ། འབྲུ་རིགས་བདེ་འཇགས་ཀྱི་མ་མཐའི་ཚད་གཞི་བརྟན་སྲུང་བྱས་ནས་བྱེད་ཐབས་ནུས་ལྡན་གྱིས་ཞིང་ས"འབྲུ་མིན་ཅན"དུ་བསྒྱུར་བ་བཀག་འགོག་དང་ཞིང་ས"ཞིང་མིན་ཅན"དུ་བསྒྱུར་བ་གཏན་འགོག་བྱས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཞིང་ལས་ཐོན་སྐྱེད་ལ་གཅིག་གྱུར་སྐུལ་འདེད་བྱས་ལ། བསྡོམས་རྩིས་སྡེ་ཁག་གིས་ཚོད་དཔག་ལྟར་ན། ད་ལོར་ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་ལོ་ཏོག་གི་འདེབས་རྒྱ་སྤྱི་ཆིང་ཁྲི30.2དང་འབྲུ་རིགས་ཀྱི་སྤྱིའི་ཐོན་འབབ་ཏུན་ཁྲི109ལ་སླེབས་རྒྱུ་ཡིན་ཞིང་། དེ་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་མཚོ་སྔོན་གྱི་འབྲུ་རིགས་ཐོན་སྐྱེད་དམིགས་ཚད་ལས་འགན་ལས་བརྒལ་ཡོད། ཚོད་དཔག་ལྟར་ན་ཞིང་ཆེན་ཡོངས་ཀྱི་སྣུམ་རྒྱུའི་སྤྱིའི་ཐོན་འབབ་ཏུན་ཁྲི30.12དང་། སྔོ་ཚལ་གྱི་སྤྱིའི་ཐོན་འབབ་ཏུན་ཁྲི152.49ལ་སླེབས་ནས། འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱས་པ་མ་ཟད། ཕན་ནུས་ལྡན་པའི་སྒོ་ནས་ཞིང་ལས་ཐོན་རྫས་ཀྱི་འདོན་སྤྲོད་ཇེ་ཆེར་བཏང་ཞིང་། ཞིང་བའི་ཡོང་འབབ་བརྟན་བརླིང་ངང་འཕར་བར་སྐུལ་འདེད་བཏང་ཡོད།
སྲིད་ཇུས་གཏན་འཇགས་དང་འདེབས་རྒྱ་ཇེ་ཆེ། ཐོན་འབབ་ཇེ་མང་དུ་བཏང་སྟེ། འདོན་སྤྲོད་ལ་འགན་སྲུང་དང་ཡོང་འབབ་ལ་སྐུལ་འདེད་བཏང་། རྒྱུས་ལོན་པ་ལྟར་ན། ད་ལོར། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གིས་ཧུར་བརྩོན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་གསར་འཛུགས་བྱས་པ་དང་། སྤྱི་ཆིང་ཁྲི20ཡི་ལུད་རྫས་ཞིང་སྨན་ཇེ་ཉུང་དང་ཕན་འབྲས་ཇེ་ཆེར་གཏོང་བའི་བྱ་འགུལ་གྱི་ཚོད་ལྟའི་ལས་འགན་ལེགས་འགྲུབ་བྱས་ལ། ཞིང་ཆེན་ཡོངས་ཀྱི་ལུད་རྫས་དང་རྫས་འགྱུར་ཞིང་སྨན་བེད་སྤྱོད་ཚད་སོ་སོར་བྱ་འགུལ་ལག་བསྟར་མ་སྔོན་ལས40%དང30%ཇེ་ཉུང་དུ་སོང་ཞིང་། སྤྱི་ཆིང་ཁྲི6.6ལ་སྐྱི་ཤུན་ཁྱབ་པའི་འདེབས་འཛུགས་ལག་རྩལ་ལེགས་འགྲུབ་བྱས་ཏེ། ཏན་ཏན་ཏིག་ཏིག་ངང་ཞིང་ས"འབྲུ་མིན་ཅན"དང་བསྐྱར་རྒོད་རྨོ་ཞིང་གི་ཆེད་དམིགས་བཅོས་སྐྱོང་ལ་སྐུལ་འདེད་བཏང་ཞིང་། ཕྱོགས་ཡོངས་ནས་མཐིལ་གྲངས་ལ་ཤེས་རྟོགས་དང་། མཐིལ་རྟོགས་བྱེད་ཞོར་བཅོས་སྐྱོང་བྱས་ཏེ་འབྲུ་རིགས་ཐོན་སྐྱེད་གཏན་འཇགས་སུ་བཏང་།
དེའི་རྨང་གཞིའི་སྟེང་། ཞིང་ལས་ཞིང་སྡེ་ཐིང་གིས་ཞིང་དར་ཞིང་ཕན་གྱི་སྲིད་ཇུས་ཕྱོགས་ཡོངས་ནས་དངོས་འབེབས་གང་ལེགས་བྱས་ཏེ། "དམ་འཛིན་དྲུག"གི་ཉིན་བརྒྱའི་ལྟ་སྐུལ་བྱ་འགུལ་སྤེལ་ཏེ་སྲིད་ཇུས་དངོས་འབེབས་ཀྱི་ལེ་དབར་གཅིག་ཤར་གཏོང་བྱས་ལ། མང་ཚོགས་ཀྱི་ཐོན་སྐྱེད་ཁྲོད་ཐག་གཅོད་ཀྱི་དགོས་གལ་ཆེ་བའི་་གནད་དོན་ཐག་གཅོད་ལ་མཐུན་སྦྱོར་བྱས་ནས་རྒྱ་ཆེའི་ཞིང་ཁྱིམ་གྱིས་ཚན་རིག་ལྟར་རྨོ་ཞིང་འདེབས་པར་སྣེ་ཁྲིད་བྱས། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
ད་ལོར་མཚོ་སྔོན་ཞིང་ཆེན་གྱི་འབྲུ་རིགས་སྤྱིའི་ཐོན་འབབ་ཏུན་ཁྲི109ལ་སླེེབས་རྒྱུ་རེད།