ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས18ཉིན། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་རིག་འཛིན་ལགས་ཀྱི་དེབ་གསར་འགྲེམས་སྤེལ་ཚོགས་འདུ་འཚོགས། ཚོགས་འདུར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་སློབ50ལྷག་ཞུགས་ཡོད་ལ། སློབ་མ་སོ་སོས་རང་རང་གི་དེབ་གསར་དང་དགེ་རྒན་ཆེན་མོ་རིག་འཛིན་ལགས་ཀྱི་བརྩམས་ཆོས་དག་ལ་བལྟས་པའི་མྱོང་ཚོར་ལྷུར་གླེང་བྱས་པ་དང་། བརྩམས་ཆོས་གསར་བ་ཡི་གཞུང་ལུགས་དོན་སྙིང་དང་རིག་གཞུང་རིན་ཐང་ལ་གདེང་འཇོག་གང་ལེགས་གནང་།
《རྒྱ་བོད་ལོ་ཙཱའི་གཞུང་ལུགས་དང་ལག་ལེན་ཞིབ་འཇུག》
དེབ་འདིས་ཉེ་བའི་ལོ་བཅུ་ཕྲག་ལྷག་གི་རྒྱ་བོད་ལོ་ཙཱའི་ཞིབ་འཇུག་གི་གྲུབ་འབྲས་ལ་མ་ལག་ལྡན་པའི་ངང་གསེད་བཀྲོལ་བྱས་པ་མ་ཟད། བོད་ཀྱི་ལོ་ཙཱའི་གཞུང་ལུགས་འཐུས་ཚང་དང་། རྒྱ་བོད་ལོ་ཙཱ་རིག་པའི་གཞུང་ལུགས་རྩ་ལག་འཛུགས་སྐྱོང་ལ་རིག་གཞུང་གི་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། སྒོས་སུ་དེབ་འདིར་དཀའ་གནད་དང་གཙོ་གནད་འབུར་དུ་ཐོན་ཞིང་། དཔེ་བརྗོད་སྣ་མང་ཕུན་སུམ་ཚོགས་པ། དཔྱད་བརྗོད་གང་ལ་གང་འཚམ་བཏང་ཡོད།
《རྒྱ་བོད་འགྱུར་རྩོམ་གྲགས་ཅན་དང་མྱོང་དཔྱད》
དེབ་འདིར་བོད་ཀྱི་ལོ་ཙཱ་བ་གྲགས་ཅན་ཨ་ཁུ་བསྟན་པ་རྒྱ་མཚོ་དང་གསུང་རབ་རྒྱ་མཚོ། དཔལ་དོན་གྲུབ་རྒྱལ། འགྱུར་མེད། སངས་རྒྱས། འཇུ་སྐལ་བཟང་སོགས་ཀྱི་འགྱུར་ཆོས་གྲགས་ཅན་ཕྱོགས་གཅིག་ཏུ་བསྡུས་ཏེ། མཛེས་གསུམ་སྨྲ་བ་དང་སྒྱུར་གསུམ་སྨྲ་བ། བསྐྱེད་གསུམ་སྨྲ་བ། དགེ་མཚན་འགྲན་སྡུར་སྨྲ་བ། ལོ་ཙཱའི་གཤིས་ཉམས་སྨྲ་བ། ལོ་ཙཱ་བའི་རང་སྟོབས་སྨྲ་བ་སོགས་དཔྱད་བརྗོད་ཐབས་ལམ་སྣ་ཚོགས་ཀྱིས་འགྱུར་ཆོས་སོ་སོ་སོར་དཔྱད་བརྗོད་སྤེལ་ཡོད།
《བོད་ཀྱི་ཡིག་ཚང་རྒྱ་འགྱུར་ཇི་ལྟར་ཚད་ལྡན་དུ་གཏོང་བའི་ཞིབ་འཇུག》
དེབ་འདི་ནི་བོད་ཀྱི་ཡིག་ཚང་གི་རྒྱ་འགྱུར་ཇི་ལྟར་ཚད་ལྡན་དུ་གཏོང་བའི་གནད་དོན་ལ་མ་ལག་ལྡན་པའི་ཞིབ་འཇུག་བྱས་པའི་རིག་གཞུང་ཆེད་དེབ་ཅིག་ཡིན་ཞིང་། འདིར་སྐད་བརྡ་རིག་པ་དང་ལོ་ཙཱ་རིག་པ། རིག་གནས་རིག་པ། མཛེས་དཔྱོད་རིག་པ་སོགས་རིག་ཚན་མང་པོའི་ཞིབ་འཇུག་བྱེད་ཐབས་སྤྱད་དེ། བོད་རྒྱ་ལོ་ཙཱའི་གཞུང་ལུགས་མ་ལག་གྲུབ་ཆ་གསར་བ་བསྣན་ཡོད། མིག་སྔར་བོད་ཀྱི་ཡིག་ཚང་གི་རྒྱ་འགྱུར་ཇི་ལྟར་ཚད་ལྡན་དུ་གཏོང་བའི་སྐོར་ཞིབ་འཇུག་གི་གྲུབ་འབྲས་གསར་ཤོས་ཡིན་ནོ། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
དགེ་རྒན་ཆེན་མོ་རིག་འཛིན་ལགས་ཀྱི《བོད་ཀྱི་ཡིག་ཚང་རྒྱ་འགྱུར་ཇི་ལྟར་ཚད་ལྡན་དུ་གཏོང་བའི་ཞིབ་འཇུག》ཅེས་པ་འགྲེམས་སྤེལ་བྱས།