བརྩེ་བ་དྲོན་མོས་རྒན་པར་དྲོད་ཁོལ་སྦྱིན།

ཉེ་སྔོན། གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཧོ་དབྱིན་གྲོང་རྡལ་མཁར་ནུབ་སྡེ་ཁུལ་གྱི་རྒན་པའི་ཉིན་མོ་ལྟ་སྐྱོང་ལྟེ་གནས་སུ་བསྐྱོད་པ་ཡིན། སྟོན་མཇུག་གི་ནམ་ཟླ་འཁྱགས་རུང་། ཉིན་མོ་ལྟ་སྐྱོང་ལྟེ་གནས་སུ་སྤྲོ་བས་བརྟས་འདུག ཉིན་མོ་ལྟ་སྐྱོང་ལྟེ་གནས་ཀྱི་ཉིས་ཐོག་ཏུ་སོང་བ་ན། གདན་ཞུ་ལྟར་ཕེབས་པའི་རྫོང་མི་དམངས་སྨན་ཁང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་སྨན་བཅོས་སྲུང་སྐྱོབ་མི་སྣ་ཚོས་རྒན་པ་ཚོར་ཁྲག་ཤེད་དང་ཁྲག་ཧགས་ཀྱི་ཚད་འཇལ་བ་དང་། Bཁྲའོ་སོགས་ལ་བལྟས་ནས་བརྟག་དཔྱད་བྱེད་ཀྱིན་འདུག སྡེ་ཁུལ་དང་བླངས་པའི་སྣེ་ཁྲིད་འོག རྒན་པ་ཚོས་རིམ་པ་ལྟར་སྨན་པའི་བརྟག་དཔྱད་དང་ལེན་བྱས་པར་མ་ཟད། རང་ཉིད་ཀྱིས་སེམས་ཁུར་བྱེད་པའི་བདེ་ཐང་གནད་དོན་ཐད་ནས་འདྲི་རྩད་བྱེད་ཀྱིན་འདུག འོས་འགན་ནད་བརྟག་སྨན་པས་རྒན་པ་ཚོར་བདེ་ཐང་ཤེས་བྱའི་ཆེད་དོན་འཆད་ཁྲིད་དང་བདེ་ཐང་ཤེས་བྱ་སྒྲོག་འགྲེལ་བྱས་ཏེ། བདེ་ཐང་དང་ལུས་ཟུངས་གསོ་བའི་བསམ་ཚུལ་དང་སྨན་བཅོས་འགན་སྲུང་སྲིད་ཇུས་འདྲི་རྩད་སོགས་ཀྱི་ཞབས་ཞུ་མཁོ་སྤྲོད་བྱས། “ངས་སྔོན་ཆད་ལུས་ཕུང་ལ་བརྟག་དཔྱད་བྱས་མ་མྱོང་། རང་ཉིད་ཀྱི་ནད་རྟགས་ཀྱང་མི་ཤེས་པར་མ་ཟད། ལུས་ཕུང་ཧ་ཅང་བདེ་ཐང་ཡིན་པར་འདོད་ཡོད། ཐེངས་འདིའི་འོས་འགན་ནད་བརྟག་བརྒྱུད་ད་གཟོད་ལུས་སྟེང་དུ་སྐྲངས་ནད་ཅིག་ཡོད་པ་ཤེས་སོང་། ཡིན་ཡང་ང་རང་བློ་བདེ་བ་ཞིག་ལ་སྐྲངས་ནད་དེ་ནད་གཞི་ལྕི་མོའི་རིགས་མ་རེད། གལ་ཏེ་ཐེངས་འདིའི་བརྟག་དཔྱད་མིན་ཚེ་ད་དུང་རང་ཉིད་ཀྱི་ནད་ངོས་ཟིན་མེད”ཅེས་སྡེ་ཁུལ་གྱི་རྒན་པ་མ་ཙི་ལི་ཧྭ་ཡིས་བཤད་བྱུང་།

“ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་བྱ་འགུལ་སྤེལ་བ་ནས་བཟུང་། ཧོ་དབྱིན་གྲོང་རྡལ་མཁར་ནུབ་སྡེ་ཁུལ་གྱིས‘ངས་མང་ཚོགས་ལ་དོན་དངོས་སྒྲུབ་པ’ཡི་ལག་ལེན་བྱ་འགུལ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ནང་དོན་གཙོ་བོར་བརྩིས་ཏེ། ཆེད་དུ‘ཉིན་མོ་ལྟ་སྐྱོང་ལྟེ་གནས’གསར་སྐྲུན་བྱས་ཏེ། རྒན་པ་རྣམས་ཀྱི་དགོས་མཁོ་སྔར་ལས་གང་ལེགས་ཀྱིས་བསྐངས་ཤིང་། ཁོ་ཚོར་རང་ཁྱིམ་གྱི་སྒོ་ཁ་ནས་སྟབས་བདེ་དང་ཕན་ནུས་མཐོ་བའི་རྒན་གསོ་ཞབས་ཞུ་རོལ་མྱོང་བྱེད་དུ་བཅུག་ནས། ཚེ་མཇུག་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་ཏུ་བཅུག་ཡོད”ཅེས་ཧོ་དབྱིན་གྲོང་རྡལ་ཏང་ཨུའི་རྩ་འཛུགས་ཨུ་ཡོན་ཧྲེན་ཞིན་གྱིས་གསར་འགོད་པར་མཚམས་སྦྱོར་བྱས།

“ཉིན་མོ་ལྟེ་གནས་ཀྱིས་རྒན་པར་ལྟ་སྐྱོང་དང་ཉིན་གུང་གི་ངལ་གསོ་བཟའ་བཏུང་། དྲག་སྐྱེད་རོལ་རྩེད་སོགས་ཀྱི་ཞབས་ཞུ་མཁོ་སྤྲོད་བྱེད་པ་དང་། ལྟེ་གནས་ཀྱི་བྱེད་ནུས་སྒྲིག་བཀོད་འཐུས་ཚང་ཡིན་ལ། དེའི་ཁྲོད་དུ་དཔེ་ཁང་དང་མིག་མངས་ཁང་། རོལ་རྩེད་བྱ་འགུལ་ཁང་། ཟ་ཁང་། ངལ་གསོ་ཁང་སོགས་ཀྱི་བྱེད་ནུས་ཁུལ་ཡོད་ལ། དེས་བྱ་བའི་བྲེལ་འཚུབ་ཀྱི་དབང་གིས་རྒན་པར་ལྟ་སྐྱོང་བྱེད་ལོང་མེད་པའི་བུ་བུ་མོའི་སེམས་ཁུར་བསལ་པ་དང་། སྡེ་ཁུལ་གྱིས་རྒན་གསོ་ཞབས་ཞུ་དཔེ་དབྱིབས་དེར་བརྟེན་ནས། མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི‘མཇུག་མཐའི་སྤྱི་ལེ་གཅིག’མཐུད་སྦྲེལ་བྱས་པ་དང་། གཞི་རིམ་བྱ་བའི‘འཐབ་ས་དང་པོའི་གཡུལ་ས་གཙོ་བོ’བརྟན་འཛུགས་བྱས་ཏེ། ཏང་འཛུགས་གཡུལ་སའི་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཡོད”ཅེས་མཁར་ནུབ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡོན་ཧའེ་ཧྥང་གིས་བཤད་བྱུང་།

“བུ་བུ་མོ་ཕྱི་ལ་གླ་རྒྱག་པར་བུད་སོང་། ང་རང་གཅིག་པུ་ཁྱིམ་དུ་བསྡད་ན་ཧ་ཅང་ཁེར་རྐྱང་རེད། རྒན་པའི་ཉིན་མོ་ལྟ་སྐྱོང་ལྟེ་གནས་སུ་སོང་ཚེ་ཚང་མ་དང་མཉམ་དུ་ཁ་བརྡ་བྱེད་པ་དང་མིག་མངས་རྩེ་བ། ཞབས་བྲོ་འཁྲབ་པ་སོགས་བྱེད་ཆོག་པས་ནང་སེམས་ལ་སྤྲོ་བས་ཁེངས་ཐུབ། གཙོ་བོ་གནས་དེའི་ཁོར་ཡུག་ཧ་ཅང་བཟང་བ་དང་། དྲོད་སྐྱིད་ལྡན་ལ་གཙང་མ་ཡང་ཡིན་པས། རང་ཁྱིམ་དང་བསྡུར་ནའང་ཧ་ཅང་སྐྱིད་པོ་ཞིག་རེད། ང་རང་རྗེས་ཕྱོགས་རྒྱུན་དུ་གནས་འདིར་ཡོང་རྒྱུ་ཡིན། ཏང་རྩ་འཛུགས་ཀྱིས་ང་ཚོར་རྒན་པའི་ཉིན་མོ་ལྟ་སྐྱོང་ལྟེ་གནས་ཤིག་བསྐྲུན་ནས། ང་ཚོའི་ཚེ་མཇུག་གི་འཚོ་བར་སྔར་ལས་འགན་སྲུང་ཡོད་དུ་བཅུག་པར་བཀའ་དྲིན་ཆེ”ཞེས་ལོ་ན65ཡིན་པའི་ཀྲང་ཏི་ལན་ལ་བཤད་མི་ཚར་བའི་སྐྱིད་སྣང་ཞིག་ཤར་འདུག

ད་ལོ་ནས་བཟུང་། སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡིས་རྒན་པོའི་བྱ་བ་དང་འཚོ་བར་ཐུགས་ཁུར་དང་མཐོང་ཆེན་བྱས་ཏེ། ཧུར་ཐག་གིས་རྒན་པར་དོན་བཟང་དང་དོན་དངོས་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱེད་པའི་མཚུངས་སུ། སྡེ་ཁུལ་གྱིས་རྒན་པའི་ལུས་སེམས་བདེ་ཐང་ལ་ཕན་པའི་རིག་རྩལ་བྱ་འགུལ་སྤེལ་བར་ཧུར་ཐག་གིས་སྣེ་ཁྲིད་དེ། ཁོ་ཚོའི་ཚེ་མཇུག་གི་འཚོ་བ་སྔར་ལས་དོན་སྙིང་ལྡན་པ་དང་ཕུན་སུམ་ཇེ་ཚོགས་སུ་བཏང་། བྱ་འགུལ་དུ་ཞུགས་པའི་རྒན་པ་དབྱང་ཧྥུན་ལན་གྱིས་སེམས་འགུལ་ཐེབས་ནས་བཤད་རྒྱུར། “བྱ་འགུལ་འདི་ལྟ་བུར་ཞུགས་ཐུབ་པར་ཧ་ཅང་དགའ་སྤྲོ་སྐྱེས་ཡོད། སྡེ་ཁུལ་གྱིས་ང་ཚོར་སེམས་ཁུར་བྱས་པར་ཡང་བཀའ་དྲིན་ཆེ་ཞུ། ང་ཚོར་གཞན་དང་མི་མཚུངས་པའི་དྲོད་ཁོལ་ཞིག་བྱིན་བྱུང་། སྡེ་ཁུལ་གྱིས་ད་དུང‘དམངས་ལ་དོན་དངོས་སྒྲུབ་པ’ཡི་བྱ་འགུལ་འདི་འདྲ་མང་པོ་སྤེལ་བར་རེ་བ་ཆེ”ཟེར།

“རྗེས་ཕྱོགས་ང་ཚོས་མུ་མཐུད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བགྲེས་སོང་བྱ་བར་ཤུགས་རྒྱག་པའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་པ་གཏིང་ཟབ་ཀྱིས་དོན་འཁྱོལ་བྱེད་པ་དང་། ཞིང་སྡེའི་རྒན་པར་གཅེས་སྐྱོང་བྱེད་པའི་འབབ་ཚིགས་དང་སྡེ་ཁུལ་གྱི་རྒན་པར་ཉིན་མོ་ལྟ་སྐྱོང་ལྟེ་གནས་ཀྱི་བྱ་འགུལ་སྟེགས་བུ་སྐྲུན་ཞིང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་དུས་ཆེན་དམངས་སྲོལ་ལ་ཟུང་འབྲེལ་བྱས་ཏེ། བདེ་ཐང་ལ་ཕན་པའི་རིག་གནས་རོལ་རྩེད་བྱ་འགུལ་རྒྱ་ཆེར་སྤེལ་བ་དང་། རྒན་པའི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་ཚོགས་སུ་གཏོང་བ། མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་བྱ་བ་དངོས་གནས་ཞིབ་ཚགས་དང་ལེགས་པོར་སྒྲུབ་པ། སྡེ་ཁུལ་གྱི་དང་བླངས་པ་མང་པོ་ཞིག་གིས་རྒན་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པར་སྐུལ་སློང་དང་རྩ་འཛུགས་བྱེད་པ་བཅས་ཀྱིས། སྤྱི་ཚོགས་ཡོངས་སུ་རྒན་བཀུར་རྒན་གཅེས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ངེས”ཞེས་ཧོ་དབྱིན་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་ཀྲང་ཀུའོ་ཕེང་གིས་བཤད་བྱུང་། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།