ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས14ནས་ཚེས15ཉིན་བར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་མཱ་ཝའེ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་དུ་ཕྱིན་ནས་གྲོང་གསེབ་དར་སྤེལ་བྱ་བར་ལྟ་སྐུལ་མཛུབ་ཁྲིད་གནང་ཞིང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་གནང་། མཱ་ཝའེ་ཡིས་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་གསན་པ་དང་དབུལ་སྐྱོར་ཐོན་ལས་གླིང་ཁུལ་ལ་རྟོག་ཞིབ་གནང་བ་མ་ཟད། འབྲེལ་གནས་ཀྱི་ཤར་མདའ་གྲོང་རྡལ་བརྡ་ཆོག་གྲོང་ཚོའི་གཞི་རིམ་ལས་བྱེད་པ་དང་རོང་འབྲོག་པར་འཚམས་འདྲི་གནང་བར་ཕྱིན་ནས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞི་ལ་གསན།
མཱ་ཝའེ་ཡིས་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པ་ནི་ཐོག་མའི་ཕུགས་འདུན་དང་འགན་འཁྲི་ལག་བསྟར་བྱས་ནས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་གལ་ཆེན་ཞིག་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ཁྱོན་ཡོངས་ནས་སྤེལ་དགོས། ཐོན་ལས་རོགས་སྐྱོར་འབྲེལ་མཐུད་བཟང་པོ་བྱེད་པ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ། ཐོན་ལས་འཕེལ་རྒྱས་དང་མང་ཚོགས་ཕྱུག་འགྱུར་ཕན་ཚུན་འབྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། དབུལ་པོ་བསྐྱར་ལོག་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡ་དང་རོགས་སྐྱོར་ལམ་སྲོལ་འབྲེལ་མཐུད་བཟང་པོ་བྱས་ཏེ་དབུལ་པོ་བསྐྱར་ལོག་གི“བདེ་འཇགས་དྲ་བ”བརྟན་པོ་འཛུགས་དགོས། རྨང་གཞིའི་སྒྲིག་བཀོད་སྦྲེལ་མཐུད་བཟང་པོ་བྱས་ཏེ་གྲོང་ཚོའི་རྣམ་པ་དང་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་དགོས། སྤྱི་པའི་ཞབས་ཞུ་ཇེ་ལེགས་སུ་གཏོང་བར་སྦྲེལ་མཐུད་བཟང་པོ་བྱས་ཏེ་སྤྱི་པའི་ཞབས་ཞུའི་ཁྱབ་གདལ་རང་བཞིན་དང་དོ་མཉམ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། གྲོང་གསེབ་དར་རྒྱས་ཀྱི་མགོ་ཁྲིད་སྒྲིག་སྲོལ་དང་དཔྱད་ཞིབ་གདེང་འཇོག་གི་བྱ་བའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་བྱ་བའི་སྟོབས་ཤུགས་དང་། རྩ་འཛུགས་མ་ལག འཆར་འགོད་ལག་བསྟར། རྣམ་གྲངས་འཛུགས་སྐྲུན། རྒྱུ་རྐྱེན་འགན་ལེན། ཏང་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་པ་སོགས་ཟུང་འབྲེལ་དམ་ཟབ་བྱེད་པར་སྐུལ་འདེད་བཏང་ནས། མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་བཏང་སྟེ་ཐོན་ལས་ཀྱི་ཁྱད་ཆོས་སྔར་ལས་མངོན་གསལ་དོད་པ་དང་། གྲོང་གསེབ་བཅོས་སྐྱོང་སྔར་ལས་ནུས་པ་ལྡན་པ། མི་སྡོད་ཁོར་ཡུག་སྔར་ལས་མཛེས་སྡུག་ལྡན་པ། འཕེལ་རྒྱས་གཏོང་བའི་བྱེད་ཐབས་སྔར་ལས་མང་བ་བཅས་ཀྱི་ས་མཐོའི་གྲོང་གསེབ་དར་སྤེལ་གྱི་ལམ་བུར་བསྐྱོད་དགོས་པར་ནན་གྱིས་བསྟན་པ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཱ་ཝའེ་ཡིས་ནང་ཆེན་རྫོང་དུ་གྲོང་གསེབ་དར་སྤེལ་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་རྟོག་ཞིབ་གནང་བ།