མཚོ་སྔོན་ཞིང་ཆེན་གྱིས་དུས་ཡུན་ལོ་ཕྱེད་ཀྱི་སློབ་རའི་འཇོན་འགུག་བྱ་འགུལ་སྤེལ་རྒྱུ་རེད།

ཀྲུང་གོ་བོད་དྲ་བའི་འཕྲིན། ཟླ12པའི་ཚེས13ཉིན་གསར་འགོད་པས་ཤེས་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས2021ལོའི་ཟླ12པ་ནས2022ལོའི་ཟླ6པའི་བར“ཕྱོགས་བཞིའི་ན་གཞོན་འཇོན་མི་གཅིག་ཏུ་འཛོམས་ནས། རབ་མཛེས་མཚོ་སྔོན་གྱི་ཕུགས་འདུན་སྐྲུན”ཞེས་པའི་སློབ་རའི་འཇོན་འགུག་བྱ་འགུལ་སྤེལ་རྒྱུ་ཐག་བཅད་ཅིང་། ཁྱོན་ལས་གནས915མཁོ་འདོན་བྱ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་སློབ་རའི་འཇོན་འགུག་བྱ་འགུལ་ཁྲོད། རང་ཞིང་གི་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་དང་སློབ་གསོ་སྡེ་ཁག་གིས་མི་བཀོལ་ལས་ཁུངས་ལ་མཛུབ་སྟོན་བྱས་ཏེ་“24365སློབ་རའི་བསྡུ་ལེན་ཞབས་ཞུ་སྟེགས་བུ་”དང“མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཞབས་ཞུ་སྟེགས་བུ”བེད་སྤྱད་དེ། འཇོན་འགུག་སྤྱི་བསྒྲགས་དང་འཇོན་འགུག་སྲིད་ཇུས་སྒྲོག་བཤད་བྱ་རྒྱུ་ཡིན། མི་བཀོལ་ལས་ཁུངས་སོ་སོས“དྲ་རྒྱ་དང་འཇོན་འགུག”བློ་གྲོས་སྟེགས་བུ་འཛུགས་སྐྲུན་བྱེད་པའི་དུས་མཚུངས་སུ། ཀྲུང་གོའི་མི་ཤུགས་ཐོན་ཁུངས་ཚོང་རའི་དྲ་བ་དང་ཀྲུང་གོའི་སྤྱི་བའི་བསྡུ་ལེན་དྲ་བ། ཀྲུང་གོའི་རྒྱལ་ཁབ་འཇོན་མི་དྲ་བ། ཀྲུང་གོའི་བློ་གྲོས་བསྡུ་ལེན་སྟེགས་བུ། རྒྱལ་ཁབ་བསྡུ་ལེན་སྟེགས་བུ་སོགས་ལ་བརྟེན་ནས། འཇོན་འགུག་བརྡ་འཕྲིན་དང་ཐད་གཏོང་ལས་གནས་བརྡ་འཕྲིན་ཁྱབ་བསྒྲགས་བྱ་རྒྱུ་རེད། རང་ཞིང་གིས་ད་དུང་ཞིང་ཆེན་ནང་ཁུལ་གྱི་འབུམ་རམས་པ་དང་རབ་འབྱམས་པའི་དགོས་མཁོ་གཅིག་བསྡུས་ལས་ཁུངས་དང་། གཙོ་གནད་ས་ཁུལ་དུ་ཚོགས་ར5ཡན་གྱི་རྒྱལ་ཡོངས་རང་བཞིན་གྱི་དྲ་ཐོག་བསྡུ་ལེན་ཚོགས་འདུ་རྩ་འཛུགས་བྱ་རྒྱུ་རེད། དུས་མཚུངས་སུ། རིམས་ནད་འགོག་སྡོམ་གནས་བབ་ལྟར། ས་གནས་སོ་སོ་དང་ལས་ཁུངས་སོ་སོའི་ཚོགས་པ་རྩ་འཛུགས་བྱས་ཏེ་པེ་ཅིང་དང་ཁྲང་ཁྲུན། ཅི་ནན། ཀྲིན་ཀྲོའུ། ཞི་ཨན། ལན་ཀྲོའུ་སོགས་སུ་མཚོ་སྔོན་བསྡུ་ལེན་ཆེད་ཚོགས་འཚོག་རྒྱུ་རེད།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།