མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ཏུན་ཁྲི10ལས་བརྒལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས14ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་གསལ་བྱུང་བ་ལྟར་ན། ལྟ་ཞིབ་ཚད་ལེན་བྱས་པའི་མཇུག་འབྲས་གསར་ཤོས་ལས་མངོན་པར། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་གསོག་ཚད་ལོ་སྔོན་མ་ལས་ཏུན་ཁྲི0.81གིས་མང་དུ་ཕྱིན་ནས་ཏུན་ཁྲི10.85ལ་སླེབས་པ་ཡོད་པ་ནི་ཐོག་མའི་སྲུང་སྐྱོང་དུས་ཀྱི་ལྡབ42ཡིན་པས། གདོད་མའི་གསོག་ཚད་ཀྱི33.9%ཟིན་ཡོད།

མཚོ་སྔོན་པོའི་ཉ་ལས་ཐོན་ཁུངས་ལ་ནན་ཏན་གྱིས་སྲུང་སྐྱོང་དང་མཚོ་སྔོན་པོའི་གཅིག་འདུས་སྐྱེ་ཁམས་མཉམ་གནས་མ་ལག་སྲུང་སྐྱོང་བཟང་པོ་བྱ་ཆེད། 2003ལོ་ནས་བཟུང་ཞིང་ཆེན་ཡོངས་སུ་མཚོ་བཀག་ཉ་གསོ་ཁྱོན་ཡོངས་ནས་ལག་བསྟར་བྱས་པས་ཉ་རྩ་བ་ནས་འཛིན་གྱི་མེད། དེ་དང་ཆབས་ཅིག་གསེར་ཉ་སྲུང་སྐྱོབ་ལྟེ་གནས་བཙུགས་ནས་མིའི་ཐབས་ལ་བརྟེན་ནས་སྐྱེ་འཕེལ་གློད་གཏོང་བྱེད་པར་ཧུར་ཐག་བྱས་ཏེ་ནུས་པ་ལྡན་པའི་སྒོ་ནས་གསེར་ཉར་སྲུང་སྐྱོང་བྱས། མཚོ་སྔོན་པོའི་ནང་བཞུར་བའི་ཆུ་ལག་གཙོ་བོ་གཙང་སེལ་དང་། ཚན་རིག་དང་མཐུན་ཞིང་ལུགས་མཐུན་སྒོས“ཉ་རྐྱལ་བགྲོད་ལམ”ཇུས་འགོད་དང་། ཆུ་ཁོངས་ཁོར་ཡུག་ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། མཚོ་སྔོན་པོའི་གསེར་ཉའི“ཚེ་སྲོག་བགྲོད་ལམ”རྒྱུན་མཐུད་ངང་བཏོད་ཐུབ་པར་འགན་ལེན་བྱས།

མཚོ་སྔོན་པོ་ནི་ནུབ་རྒྱུད་ཀྱི་མྱ་ངམ་ཐང་དེ་ཤར་རྒྱུད་དུ་མཆེད་པར་ཚོད་འཛིན་བྱེད་པའི་རང་བྱུང་གི་སྲུང་ཡོལ་དང་སྐྱེ་ཁམས་ནུས་པའི་ཁུལ་ཡིན། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ཉ་ལས་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཡན་ཀའོ་ཧྥུན་གྱིས་ད་ལོ་ནི་མཚོ་སྔོན་པོའི་མཚོ་བཀག་ཉ་གསོ་ཐེངས་དྲུག་པ་བྱེད་མགོ་བརྩམས་པའི་ལོ་ཡིན་པས། མིག་སྔར་མཚོ་སྔོན་པོའི་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་དང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ལོ་རེ་བཞིན་ཇེ་མང་དུ་འགྲོ་བ་འདིས་མཚོ་སྔོན་པོའི་འབབ་རྒྱུད་ཀྱི“ཆུ་དང་ཉ། བྱ། སྤང་ལྗོངས”བཅས་ཀྱི་སྐྱེ་ཁམས་སྦྲེལ་མཐུད་བདེ་འཇགས་དང་སྐྱེ་དངོས་སྣ་མང་རང་བཞིན་གསོ་སྐྱོང་བྱེད་པར་ནུས་པ་གལ་ཆེན་ཐོན་གྱི་ཡོད་ཟེར། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།