རྒྱལ་ཁབ་ཀྱི་གཙོ་ཆེའི་དཔེ་དེབ་པར་སྐྲུན་འཆར་འགོད་ལས་གཞི་ལས《འཛམ་གླིང་རྩོམ་རིག་གྲགས་ཅན་བོད་འགྱུར་དཔེ་ཚོགས》(ཁག་དང་པོ)པར་སྐྲུན་འགྲེམས་སྤེལ་བྱས།

合集.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ“ལོ་ལྔའི་འཆར་གཞི་ཐེངས་བཅུ་གསུམ་པའི”རྒྱལ་ཁབ་ཀྱི་གཙོ་ཆེའི་དཔེ་དེབ་པར་སྐྲུན་འཆར་འགོད་ལས་གཞི་དང་།གྲངས་ཉུང་མི་རིགས་སྐད་དང་ཡི་གེའི་ཆེད་དངུལ་རོགས་སྐྱོར་ལས་གཞི《འཛམ་གླིང་རྩོམ་རིག་གྲགས་ཅན་བོད་འགྱུར་དཔེ་ཚོགས》(ཁག་དང་པོ)ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།

བོད་འགྱུར་དཔེ་ཚོགས་འདི་ལ་ཁྱོན་བསྡོམས་དེབ20ཡོད་ལ། སྒྲུང་རིང་དང་སྒྲུང་གཏམ་ཐུང་འབྲིང་ཕྱོགས་བསྒྲིགས་ལས་གྲུབ། དཔེ་ཚོགས་འདིར་འཛམ་གླིང་རྩོམ་རིག་ལོ་རྒྱུས་ཁྲོད་དུ་གྲུབ་འབྲས་ལེགས་པ་དང་། སྙན་གྲགས་ཆེ་བ། རིན་ཐང་མཐོ་བ། ཤུགས་རྐྱེན་ཟབ་པ། ཁྱབ་རྒྱ་ཡངས་པའི་སྒྲུང་རིང10དང་། སྒྲུང་གཏམ་ཐུང་འབྲིང148ཙམ་བདམས་ནས་བོད་འགྱུར་བྱས་ཡོད། འདིར་འཁོད་པའི་བརྩམས་ཆོས་དག་ནི་འཛམ་གླིང་རྩོམ་སྟེགས་སུ་མཚན་སྙན་འབར་བའི་རྩོམ་མཁན་གྲགས་ཅན་མོ་པེ་སན་ཐེ་དང་། ཁཱ་ཧྥུ་ཁ། འཇེག•ལོན་ཏོན། ཆི་ཧོ་ཧྥུ། ཧྥོ་ལོ་བྷེ། པུ་རོན་ཐེ། ཅ་ཞི་ཡ•མར་ཁི་སི་སོགས་ཀྱིས་མཚོན་པའི་ཕྱི་གླིང་རྩོམ་རིག་གི་དེད་དཔོན་དུ་ཁས་འཆེས་པ་དག་གི་འཐུས་ཚབ་བརྩམས་ཆོས་ཁོ་ན་ཡིན། ལས་གཞི་འདིའི་བོད་འགྱུར་ལོ་ཙཱའི་དཔུང་སྡེ་རྒྱ་ཆེ་ཞིང་ཚད་མཐོ་བ། སྒྱུར་མཁན་མི་སྣ་ཉི་ཤུ་ཙམ་ཡོད་པ་དག་ནི་བོད་ཀྱི་རྩོམ་རིག་གསར་རྩོམ་དང་སྐད་གཉིས་ལོ་ཙཱའི་སྡེ་རུ་སྐད་གྲགས་ཆེ་ཞིང་གྲུབ་འབྲས་འབུར་དུ་ཐོན་པའི་རྩོམ་པ་པོ་དང་ལོ་ཙཱ་བ་འབའ་ཞིག་ཡིན། ཁོང་ཚོས་གཟབ་ནན་གྱི་སྤྱོད་ཚུལ་ལྷུར་བླངས་ཏེ་རྒྱལ་ནང་གི་དཔེ་སྐྲུན་ཁང་གྲགས་ཅན་ནས་ཐོན་པའི་རྒྱ་ཡིག་གི་འགྱུར་མ་གཅིག་རྩོམ་གདན་དུ་བཟུང་བ་དང་། འགྱུར་མ་མི་འདྲ་བ་གཉིས་ཡན་ལ་གཤིབ་བསྡུར་གྱིས་འགྱུར་གྱི་སྤུས་ཀར་ཁག་ཐེག་བྱས་ཏེ།འགྱུར་ཡིག་གི་ཚིག་ཉམས་དང་དོན་ཉམས་སོགས་གང་ཅི་ཐད་ནས་མ་རྩོམ་དང་ཉེ་བར་བཅར་ཡོད་པས་ན། འཛམ་གླིང་རྩོམ་རིག་གི་ངོ་མཚར་བའི་འཕེལ་འགྱུར་ལ་ལྟ་བའི་མེ་ལོང་ཞིག་ཏུ་གྱུར་ཡོད་དོ།།

《འཛམ་གླིང་རྩོམ་རིག་གྲགས་ཅན་བོད་འགྱུར་དཔེ་ཚོགས》(ཁག་དང་པོ)ནི་རྒྱལ་ཁབ་བཙུགས་པའི་ཚུན་ལ་འཛམ་གླིང་གི་རྩོམ་རིག་གྲགས་ཅན་གཅིག་བསྡུས་ངང་ཡིག་སྒྱུར་དང་པར་སྐྲུན་བགྱིས་པའི་བོད་འགྱུར་དཔེ་ཚོགས་ཆེན་པོ་ཐོག་མ་ཡིན་ཞིང་། ཕྱི་རྒྱལ་གྱི་རྩོམ་རིག་གྲགས་ཅན་བོད་འགྱུར་གྱི་རྨང་འདིང་བའི་བཟོ་སྐྲུན་ཞིག་ཀྱང་ཡིན། ད་རེབ་ཀྱི་དཔེ་ཚོགས་འདིར་དེབ་གྲངས་མང་ཞིང་སྤུས་ཀ་ལེགས་པས། ཕྱི་རྒྱལ་རྩོམ་རིག་གྲགས་ཅན་བོད་འགྱུར་མའི་དཔེ་སྐྲུན་གྱི་རྩེ་མོར་སོན་ཡོད་ཅེས་བཤད་ཆོགའདི་ནི་བོད་ཀྱི་རྩོམ་རིག་དང་ལོ་ཙཱ། དཔེ་སྐྲུན་བཅས་ལས་རིགས་གསུམ་པོས་སྟོབས་ཤུགས་མཉམ་འདུས་ངང་བསྐྲུན་པའི་སྤུས་ལེགས་དཔེ་ཚོགས་ཤིག་ཀྱང་ཡིན། དཔེ་ཚོགས་འདི་པར་དུ་བསྐྲུན་པས་ཕྱི་རྒྱལ་རྩོམ་རིག་གྲགས་ཅན་བོད་ཀྱི་ཀློག་པ་པོའི་ཁྲོད་དུ་ཁྱབ་གདལ་དང་དཔེ་ཀློག་རེ་འདོད་སྐོང་བ། རིག་གནས་འབྲེལ་འདྲིས་དང་ཕན་ཚུན་སློབ་སྦྱོང་བྱེད་པ། བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ཆུ་ཚད་མཐོར་འདེགས་ཡོང་བ། བོད་ཀྱི་རྩོམ་རིག་ལས་དོན་ཡར་རྒྱས་དང་གོང་འཕེལ་བཅས་ལ་དགེ་མཚན་ཆེན་པོ་ལྡན་ནོ།།

ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་རྒྱལ་ཁབ་ཀྱི་ལས་གཞིའི་རོགས་སྐྱོར་ལ་བརྟེན་ནས། རིག་གནས་རྒྱུད་འཛིན་གྱི་རིན་ཐང་ཆེ་བའི་དཔེ་ཆ་སྤུས་ལེགས་མང་པོ་ཇུས་འགོད་དང་པར་སྐྲུན་གནང་བར་རྒྱ་ཆེའི་ཀློག་པ་པོས་གདེང་འཇོག་མཐོན་པོ་གནང་ཞིང་ལས་རིགས་ནང་ཁུལ་དུའང་ཁས་ལེན་ཆེན་པོ་ཐོབ། ལྷག་པར་དུ་དཔེ་སྐྲུན་ཁང་འདིའི་རྩོམ་རིག་དཔེ་དེབ་པར་སྐྲུན་གྱི་ཐད་ནས་རྩོམ་སྒྲིག་པའི་དཔུང་མཐུག་ཅིང་། རྩོམ་ཞུས་སྤུས་ཀ་ལེགས་པས། དཔེ་ཚོགས་འདི་པར་སྐྲུན་བཟོ་སྐྲུན་སྤུས་ལེགས་ཅན་དུ་འགྱུར་བར་ཆ་རྐྱེན་རྨད་དུ་བྱུང་བ་ཞིག་བསྐྲུན་ནོ།།

སྒྱུར་མཁན་ངོ་སྤྲོད།

包法利夫人.jpg

བཀྲ་ཤིས་དཔལ་ལྡན། བོད་ལྗོངས་གཙང་རིན་སྤུངས་ནས་སྐྱེས། མཐོ་རིམ་རྩོམ་སྒྲིག་པ། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་དང་། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། རྒྱལ་ཡོངས་ཐ་སྙད་བཀས་བཅད་མཁས་དབང་ཚོགས་ཆུང་གི་ཁོངས་མི་སོགས་ཡིན། སྔ་རྗེས་སུ《བགྲེས་སོང་ཚེ་རིང་ལ་གོ་འཛོལ་བྱུང་བ》དང་། 《ཕྱི་ཉིན་གྱི་གནམ་གཤིས་དེ་རིང་ལས་ལེགས་པ་ཡོང་ངེས》 《རྒྱུད་སྐུད་སྟེང་གི་རྣམ་ཤེས》 《རི་མགོ་མཐོན་པོའི་ཉི་མ》 《བྲག་ཆ》ལ་སོགས་སྒྲུང་གཏམ་ཐུང་འབྲིང་བཞི་བཅུ་ལྷག་ཙམ་བྲིས་ནས་བོད་རིགས་ཀློག་པ་པོའི་ཁྲོད་དུ་བག་ཆགས་གཏིང་ཟབ་བཞག 1992ལོར་སྒྲུང་གཏམ་རིང་གྲས《ཕལ་པའི་ཁྱིམ་ཚང་གི་སྐྱིད་སྡུག》ཅེས་པ་པར་སྐྲུན་བྱས།སྔ་ཕྱིར་བོད་རང་སྐྱོང་ལྗོངས་ཀྱི“ཇོ་མོ་གླང་མའི་རྩོམ་རིག་སྒྱུ་རྩལ་བྱ་དགའ”དང་། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་བྱ་དགའ“རྟ་མཆོག་བྱ་དགའ།”  རྒྱལ་ཡོངས་ཀྱི་རྩོམ་རིག་བྱ་དགའ“ཀྲོང་ཀྲུང་ཝུན་རྩོམ་རིག་བྱ་དགའ།”  ཞིང་ལྗོངས་ལྔའི་དུས་རབས་གསར་པའི་རྩོམ་རིག་གསར་རྩོམ་བྱ་དགའ།  “གངས་རྒྱན་བུམ་པའི་བྱ་དགའ”སོགས་ཐོབ།བརྩམས་ཆོས་སྐོར་ཞིག་རྒྱ་ཡིག་དང་དབྱིན་ཡིག་ལ་བསྒྱུར་ཡོད་པ་དང་། 《རི་མགོ་མཐོན་པོའི་ཉི་མ》ཞིང་ལྗོངས་ལྔའི་མཐོ་འབྲིང་བོད་ཡིག་བསླབ་གཞིའི་ནང་བདམས་ཡོད། གཞན་ཡང《བཀྲ་ཤིས་དཔལ་ལྡན་གྱི་སྒྲུང་ཐུང་བདམས་བསྒྲིགས》དང་། སྒྲུང་འབྲིང་བདམས་བསྒྲིགས《རྒྱུད་སྐུད་སྟེང་གི་རྣམ་ཤེས》ལྷུག་རྩོམ་ཕྱོགས་བསྒྲིགས《ས་སྲོས་ཀྱི་འཆར་སྒོ》དོན་བརྗོད་ལྷུག་རྩོམ་རིང་གྲས《དགུན་གཞུང་རིང་མོ》སོགས་པར་སྐྲུན་བྱས།

喧哗与骚动.jpg

ཆོས་སྐྱོང་། ཨ་བུ་ཞེས་ཀྱང་འབོད། 1978ལོར་མཚོ་སྔོན་རྡོ་སྦིས་སུ་སྐྱེས། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན། ད་ལྟ《སྦྲང་ཆར》རྩོམ་སྒྲིག་ཁང་དུ་གཙོ་སྒྲིག་གཞོན་པའི་ལས་ཀ་གཉེར་མུས། བརྩམས་ཆོས་ལ《རང་གྲོལ་ཞིབ་འཇུག》དང《ཟིང་ལོང་རྡེའུ་འགྲེམས》སོགས་མཆིས།རྩོམ་རིག་དཔྱད་བརྗོད《ཕྱིར་འཁོར་བ》ཞེས་པར་སྐབས་དྲུག་པའི“སྦྲང་ཆར་རྩོམ་རིག་བྱ་དགའ”དང་རྩོམ་གཞུང་ཆེད་དེབ《རང་གྲོལ་ཞིབ་འཇུག》ཅེས་པར་མཚོ་སྔོན་ཞིང་ཆེན་གྱི་ཆེས་ཐོག་མའི“རྩོམ་རིག་སྒྱུ་རྩལ་དཔྱད་བརྗོད་བྱ་དགའ”ཨང་དང་པོ། བོད་འགྱུར་སྒྲུང་གཏམ《གཞས་དབྱུག》ཅེས་པར2015ལོའི《མི་རིགས་རྩོམ་རིག》གི་ལོ་ཙཱའི་བྱ་དགའ། སྙན་ཞུ་རྩོམ་རིག《བྱེ་འཁན་གྱི་དྲི་ཞིམ་འཐུལ་བའི་གནས་དེ་ན》ཞེས་པར2018ལོའི“《བོད་ཀྱི་རྩོམ་རིག་སྒྱུ་རྩལ》ལོ་ཟུང་བྱ་དགའ”ཐོབ་པ་བཅས་སོ།།

瓦解.jpg

ཁྲི་སེམས་དཔའ། དངོས་མིང་ལ་སྒོ་མེ་ཚེ་རིང་བཀྲ་ཤིས་ཟེར། 1979ལོར་མདོ་སྨད་ཁྲི་ཀའི་གྲོ་ཞིང་ཁ་ཞེས་པའི་གྲོང་ཚོ་ཞིག་ཏུ་སྐྱེས། 2001ལོར་ལྷོ་ནུབ་མི་རིགས་སློབ་ཆེན་ནས་མཐར་ཕྱིན། ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཨུ་ཡོན། དུས་དེབ《གངས་རྒྱན་མེ་ཏོག》གི་གདན་ཞུ་རྩོམ་སྒྲིག་པ་བཅས་ཡིན། 2017ལོར་ལུའུ་ཞུན་རྩོམ་རིག་གླིང་གི་སྐབས33པའི་མཐོ་རིམ་གསར་རྩོམ་འཛིན་གྲྭར་འགྲིམས་མྱོང་། བརྩམས་དེབ་ལ་འབོལ་རྩོམ་དེབ《བསམ་གཞིག་གི་ཁ་དོག》དང་སྙན་དེབ《དིང་གླིང་ཁེར་འབུད》 《ཁྲི་སེམས་དཔའི་སྙན་ངག》(རྒྱ་ཡིག་པར་མ)འགྱུར་དེབ《ཕ་རི་སིའི་འཕགས་མའི་ཆོས་གྲྭ》 《གཡུ་ཆུང་དྲུག་དཀར》སྒྲུང་རིང་དེབ《མར་ངོའི་ཟླ་བ》སྒྲུང་ཐུང་དེབ《སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས》དང《བྱ་ཞིག་ཡིན་ན་བསམས་བྱུང》སོགས་པར་སྐྲུན་བྱས། བརྩམས་ཆོས་ཁག་ཅིག་རྒྱ་ཡིག་དང་ཉི་ཧོང་གི་ཡི་གེ་སོགས་སུ་བསྒྱུར་ཡོད། སྔ་གཞུག་ཏུ་སྦྲང་ཆར་རྩོམ་རིག་བྱ་དགའ་དང་། གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ། ཟླ་ཟེར་རྩོམ་རིག་བྱ་དགའ། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་བྱ་དགའ། གངས་རྒྱན་རྟགས་མའི་བྱ་དགའ། མཚོ་སྔོན་ན་གཞོན་རྩོམ་རིག་བྱ་དགའ་སོགས་ཐོབ་མྱོང་། ད་ལྟ་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དུ་ལས་ཀ་གཉེར་བཞིན་ཡོད།

麦田里的守望者.jpg

ཚེ་རིང་བསམ་འགྲུབ། 1974ལོར་མཚོ་སྔོན་པོ་རྐང་ཚའི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་སློབ་གྲྭ་དང་ནུབ་བྱང་མི་རིགས་སློབ་ཆེན་སོགས་སུ་བསླབ་གཉེར་བྱས་མྱོང་། ད་ལྟ་རྐང་ཚ་རྫོང་རིག་གནས་ཡུལ་སྐོར་རྒྱང་སྒྲོག་ཅུ་རུ་ལས་ཀ་གཉེར་མུས་ཡིན། ལས་ཞོར་ལ་བརྩམས་སྒྲུང་འབྲི་བའམ་ཡིག་སྒྱུར་གྱི་ལས་ཀ་གཉེར། སྒྲུང་ཐུང་དེབ《ཕྱིང་ལྭ་དཀར་པོ》ཞེས་པ་དང་། འགྱུར་དེབ《གནའ་བོའི་རོམ་གྱི་རིག་གནས》《མ་སི་དོ་ཉི་ཡ་བཙན་རྒྱལ》སོགས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཞིང་། ད་ལྟ《མདོ་སྨད་རྐང་ཚའི་ངག་རྩོམ་དེབ་ཕྲེང》ཞེས་པ་འཚོལ་སྒྲིག་བྱེད་ཀྱིན་ཡོད།

百年孤独.jpg

ཨ་སྨྱོན་བཀྲ་ཤིས་དོན་གྲུབ། 1967ལོར་མདོ་སྨད་ཁྲི་ཀ་རྫོང་དུ་སྐྱེས། 1990ལོར་ནུབ་བྱང་མི་རིགས་སློབ་གླིང་ནས་མཐར་ཕྱིན། ད་ལྟ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་གཞོན་པ་དང་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པའི་འགན་གཅིག་ལྕོགས་སུ་འཁུར་ཡོད། དེ་སྔོན་རྒྱལ་ཡོངས་གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི་སྣེ་ཁྲིད་མི་སྣ་སོགས་སུ་བདམས་མྱོང་། 1988ལོ་ནས་གསར་རྩོམ་གྱི་མགོ་བཟུང་སྟེ། རྩོམ་ལུས་མི་གཅིག་པའི་བརྩམས་ཆོས་བརྒྱ་ལྷག་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་སོ་སོའི་སྟེང་དུ་བཀོད་པར་མ་ཟད། བརྩམས་ཆོས་སྐོར་ཞིག་རིགས་མི་འདྲ་བའི་དཔེ་ཚོགས་དང་དེབ་ཕྲེང་བཅས་སུ་བདམས་ཡོད། བརྩམས་ཆོས་གཙོ་བོ་ལ་སྒྲུང་གཏམ་ཕྱོགས་བསྒྲིགས《སྟོན་གྱི་རང་སྒྲ》དང་། སྒྲུང་འབྲིང་ཕྱོགས་བསྒྲིགས《བློ་མང་དོན་གྲུབ》སྒྲུང་རིང《མར་མེ་ཚེ་འབར》བསྒྱུར་རྩོམ་དེབ《དུས་རྒྱུན་གྱི་འཚོ་བ》དང་། 《ཤེས་རབ་འཕེལ་བའི་བསྟན་བཅོས》《རྒྱལ་ཁབ་གསུམ་པོ་མཉམ་ལངས》སོགས་འདུག དེ་ལས་བརྩམས་ཆོས་འགའ་རེར་སྔ་ཕྱིར་སྐབས་བདུན་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག“རྟ་མཆོག་བྱ་དགའ”དང་། སྐབས་གཉིས་པའི་རྒྱལ་ཡོངས“གངས་རྒྱན་རྟགས་མ”ཡི་རྩོམ་རིག་གསར་རྩོམ་བྱ་དགའ་བཅས་ཐོབ། ཁོ་ནི་ལུའུ་ཞུན་རྩོམ་རིག་གླིང་གི་སྐབས་ཉེར་གཅིག་པའི་གཞོན་དར་རྩོམ་པ་པོ་མཐོ་རིམ་འཛིན་གྲྭའི་སློབ་མ་དང་། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཡིན།

追风筝的人.jpg

ཕུན་ཚོགས་རྒྱལ། སྙུག་མིང་ལ་མི་ལ་ཙི་ཙི་ཟེར། 1968ལོར་མདོ་སྨད་བོང་སྟག་ནས་སྐྱེས། སྔ་ཕྱིར་སློབ་ཆུང་དགེ་རྒན་དང་སྙན་ངག་རྩོམ་སྒྲིག་པ་སོགས་ཀྱི་ལས་ཀ་ལས་མྱོང་། 2009ལོར《གངས་རྒྱན་མེ་ཏོག》རྩོམ་རིག་བྱ་དགའ་ཐོབ།གསར་རྩོམ་བརྩམས་ཆོས《རང་གཤིས་གདུང་འབོད》《རྡོ་ལྕགས་གཙུབ་བརྡར》དང་འགྱུར་དེབ《འགྲུལ་བཞུད་ལམ་གྱི་ཤུགས་གླུ》《དུས་རབས21པའི་ཧྥ་རན་སིའི་རྩོམ་རིག》《ཁྲུན་ཆིའུ་ཀྲན་གོའི་དུས་སྐབས》《ཨི་སི་ལམ་ཆོས་ལུགས》སོགས་པར་སྐྲུན་བྱས།

红字.jpg

བྱ་གཞུང་དབྱངས་བྷ། མདོ་སྨད་བྱང་རྒྱུད་ཀྱི་ཞིང་གྲོང་ཞིག་ཏུ་སྐྱེས། ནུབ་བྱང་མི་རིགས་སློབ་ཆེན་ནས་རྩོམ་རིག་རབ་འབྱམས་དམ་བཅའ་བཞགརྩོམ་རིག་གཞུང་ལུགས་ཞིབ་འཇུག་དང་གསར་རྩོམ་གྱི་ལས་ལ་གཞོལ་ནས་ལོ་མང་འདས། ད་ལྟ་ལྷ་ས་དགེ་འོས་སློབ་གླིང་གི་རྩོམ་རིག་དགེ་རྒན་ཡིན། བརྩམས་འབྲས་ལ། 《རྩོམ་རིག་དང་མི》དང《ཕ་སའི་མགྱོགས་བྲིས》སོགས་བརྩམས་བསྒྱུར་བསྒྲིགས་གསུམ་བྱས་པའི་དེབ་པོད་དྲུག་དང་། རྩོམ་ལུས་སྣ་ཚོགས་པའི་རྩོམ་རིག་བརྩམས་ཆོས་དང་དཔྱད་རྩོམ་མང་དུ་མཆིས་སོ།།

月亮与六便士.jpg

རང་སྒྲ། རྩོམ་སྒྲིག་ཞུས་ཆེན་པ། མཚོ་སྔོན་འབའ་རྫོང་ནས་སྐྱེས། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ལས་འཛིན་བཅས་ཡིན། ད་ལྟ་མཚོ་སྔོན་ཞིང་ཆེན་རིག་གནས་ཁང《བོད་ཀྱི་དམངས་སྲོལ་རིག་གནས》རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་གི་ལས་ཀ་གཉེར་མུས་ཡོད། སྒྲུང་གཏམ་ཕྱོགས་བསྒྲིགས《གངས་འདབས་ཀྱི་གཏམ་རྒྱུད》དང་། སྒྲུང་འབྲིང་ཕྱོགས་བསྒྲིགས《ཕལ་བའི་མི་ཚེ》 ལོ་རྒྱུས་སྒྲུང་རིང《ཐོན་མི་སམྦྷོ་ཊ》 བོད་ཀྱི་ཚིགས་བཅད་སྒྲུང་རིང་ཐོག་མ《འཇའ་ཚོན་གྱིས་འཁྱུད་པའི་བརྩེ་བ》 རྒྱ་ཡིག་གི་དེབ《ཚེ་རྒྱལ་གྱི་སྒྲུང་གཏམ་ཕྱོགས་བསྒྲིགས》དང《ཕལ་བའི་མི་ཚེ》 རིག་གཞུང་ཆེད་དེབ《བོད་ཀྱི་དགོན་སྡེའི་རིག་གནས་སྤྱི་བཤད་མེ་ཏོག་ཕྲེང་བ》དང《འབའ་གཞུང་ལོ་རྒྱུས་མེས་པོའི་ཞལ་ལུང》 《རྩོམ་རིག•གསར་རྩོམ•དཔྱད་བརྗོད》སོགས་དཔེ་སྐྲུན་བྱས་ཡོད། སྦྲང་ཆར་རྩོམ་རིག་བྱ་དགའ་དང་། གངས་རྒྱན་རྟགས་མའི་རྩོམ་རིག་བྱ་དགའ། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་གསར་རྩོམ་བྱ་དགའ། ཏུང་ལི་པེ་རྩོམ་རིག་བྱ་དགའ་སོགས་ཐོབ་མྱོང་།

呼啸山庄.jpg

མང་རའི་རྒྱལ་མཚན་ནམ་མང་རྒྱན། སྤྱི་ལོ1980ལོར་མདོ་སྨད་མང་རར་སྐྱེས། མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་ཡིག་སྡེ་ཁག་དང་། ཐེན་ཅིན་ནན་ཁའེ་སློབ་ཆེན་གྱི་རྒྱ་ཡིག་སྡེ་ཁག་སོགས་སུ་རྩོམ་རིག་དང་ལོ་ཙཱ། སྐད་བརྡ་རིག་པ་བཅས་ལ་སློབ་གཉེར་བྱས། 2007ལོར་རྩོམ་རིག་རབ་འབྱམས་པའི་བསླབ་གནས་ཐོབ། 2007ལོ་ནས་ད་ལྟའི་བར་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་རྩོམ་སྒྲིག་དང་ལོ་ཙཱ། ལེ་ཚན་དཔྱད་བརྗོད་པ་སོགས་ཀྱི་ལས་འགན་ཁུར་ཞིང་། ཞོར་དུ་བོད་ཡིག་གི་ལམ་ནས་དཔལ་འབྱོར་དང་བཅའ་ཁྲིམས་རྒྱུན་ཤེས་ཁྱབ་གདལ་གྱི་སྤྱི་ཕན་ལས་ཀར་འབད་མུས་ཡིན། བརྩམས་ཆོས་གཙོ་བོར་སྒྲུང་གཏམ་ཕྱོགས་བསྒྲིགས《ཁ་སང་གི་རྨི་ལམ》དང་། འབོལ་རྩོམ་ཕྱོགས་བསྒྲིགས《ཟུར་མང་བའི་བསམ་གཞིགས》འགྱུར་དེབ《ཡེ་ཤུའི་ཆོས་ལུགས》སོགས་ཡོད།

生命中不能承受之轻.jpg

ཚེ་དབང་རྣམ་རྒྱལ། 1988ལོར་མདོ་སྨད་ཁྲི་ཀར་སྐྱེས། བོད་ཀྱི་དེང་རབས་རྩོམ་རིག་ཆེད་ལས་ཀྱི་འབུམ་རམས་པ། སྔ་ཕྱིར་ཀྲུང་དབྱང་མི་རིགས་སློབ་ཆེན་དང་བོད་ལྗོངས་སློབ་ཆེན། ལྷ་ས་གྲོང་ཁྱེར་བརྙན་འཕྲིན་ལས་ཁུངས་བཅས་སུ་སློབ་གཉེར་དང་གཞུང་གི་ལས་ཀར་ཞུགས། རྩོམ་རིག་བརྩམས་ཆོས་དང་རིག་གཞུང་དཔྱད་རྩོམ་ཁག་ཅིག《སྦྲང་ཆར》དང《ཀྲུང་གོའི་བོད་རིག་པ》སོགས་སུ་འཁོད་ཡོད་ལ།སྒྲུང་ཐུང་ཕྱོགས་བསྒྲིགས《ཨ་ཕ་ཆང》དང་སྒྱུར་རྩོམ《རིག་རྩལ་བསྐྱར་དར་སྐབས་ཀྱི་ཡོ་རོབ་ནུབ་མའི་རྩོམ་རིག》སོགས་པར་སྐྲུན་བྱས།

变形记.jpg

སྤེན་པ་དོན་གྲུབ། བོད་ལྗོངས་ལྷ་སར་སྐྱེས། རྩོམ་རིག་འབུམ་རམས་པ། ལྗོངས་ཕྱི་ནང་གི་བོད་ཡིག་དུས་དེབ་ཁག་ཏུ་སྙན་ངག་གཙོ་བོར་གྱུར་པའི་རྩོམ་རིག་བརྩམས་ཆོས་དང་། རྩོམ་རིག་གཙོ་བོར་གྱུར་པའི་དཔྱད་བརྗོད་དང་འགྱུར་མ་སོགས་བརྒྱ་གྲངས་ལྷག་སྤེལ། སྙན་ངག《རྫོང་རྒྱབ་ཀླུ་ཁང་གི་ཕྱི་ནང་དུ》ལ《གངས་རྒྱན་མེ་ཏོག》གི་སྐབས་ལྔ་པའི་རྩོམ་རིག་བྱ་དགའ་དང་། སྒྲུང་འབྲིང《ཉི་མ་དགྲ་འདུལ》ལ་སྐབས་ལྔ་པའི“བོད་ཀྱི་དུས་རབས་གསར་པའི་རྩོམ་རིག་བྱ་དགའ།” འགྱུར་མ《ཕོ་ལོ་བཞི་བཅུར་ཕྱོགས་སུ་ཐོན》ལ《མི་རིགས་ཀྱི་རྩོམ་རིག》གི་ལོ་མཇུག་བྱ་དགའ་སོགས་ཐོབ།འགྱུར་མ《བདག་ཉིད་བདག་གི་མགོན་དུ་གྱུར》དང་། 《ཚན་རིག་གི་སྲོལ་འབྱེད》སོགས་པར་སྐྲུན་བྱས། ད་ལྟ་བོད་ལྗོངས་བསླབ་གཞི་རྩོམ་སྒྱུར་ལྟེ་གནས་ཀྱི་བོད་སྐད་ཡིག་རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་གི་བྱ་བ་གཉེར་མུས་སུ་མཆིས།

百万英镑.jpg

བདེ་སྐྱིད་སྒྲོལ་མ། མཚོ་སྔོན་རྨ་ལྷོ་སོག་རྫོང་ནས་སྐྱེས། 1990ལོར་ནུབ་བྱང་མི་རིགས་སློབ་གླིང་གི་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་གི་བོད་ཡིག་ཆེད་ལས་དངོས་གཞི་ལས་མཐར་ཕྱིན། མཚོ་སྔོན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན། བརྩམས་ཆོས་ལ་སྙན་ངག་དེབ《སྙན་ངག་གི་མིག་ཆུ》དང《རྩྭ་ཐང་གི་བརྩེ་བ》《བྱུར་དམར་འཁྲི་ཤིང》གསུམ་དང་། ལྷུག་རྩོམ་དེབ《ཆར་ཟམ་ཟིམ།སྨུག་ལང་ལོང》དང《ཨ་མའི་ལག་པ》གཉིས། སྒྲུང་རིང་དེབ《འབྲོག་རུའི་རྒྱང་འབོད》བཅས་པར་སྐྲུན་བྱས་ཡོད། 《སྦྲང་ཆར》རྩོམ་རིག་བྱ་དགའ་ཐོབ་མྱོང་།

变色龙.jpg

ཚེ་འབར། 1963ལོར་མཚོ་སྔོན་གཅན་ཚ་རྫོང་དུ་སྐྱེས། 1995ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་སྐད་ཡིག་སྡེ་ཁག་ནས་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་བསླབས་ནས་མཐར་ཕྱིན། 1989ལོ་ནས1992ལོའི་བར་རྩོམ་རིག་དུས་དེབ《གངས་རྒྱན་མེ་ཏོག》གི་གཙོ་སྒྲིག་པའི་འགན་ཁུར། 1992ལོ་ནས་མཚོ་སྔོན་མི་རིགས་སློབ་གཞི་རྩོམ་སྒྱུར་ཁང་དུ་སྐད་ཡིག་སློབ་དེབ་ཀྱི་རྩོམ་སྒྲིག་པ་བྱས།བརྩམས་ཆོས་གཙོ་བོ་ལ་སྒྲུང་གཏམ《ཁྲག་དྲོན》《ཨ་མའི་གདམ་ག》《པུ་ཧ་ཆུ་འགྲམ་གྱི་ན་བུན》ལྷུག་རྩོམ《ཕྱག་འཇུས་གནང་བ》《ནས》《ཁྲུང་ཁྲུང་དཀར་མོ》སྙན་ངག《ས་སྨྱུག་གི་རང་གཤིས》《དེ་རིང》སོགས་ཡོད།

一个陌生女人的来信.jpg

རྣམ་སྲས། མདོ་སྨད་ཁྲི་ཀར་སྐྱེས།མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། སྔ་གཞུག་ཏུ《ཀྲུང་གོ་བོད་རིག་པ》དང《བོད་ལྗོངས་ཞིབ་འཇུག》སོགས་དུས་དེབ་སྟེང《བོད་ཀྱི་གནའ་རབས་སྙན་ངག་གི་རྟོག་ཡུལ་མཛེས་པ》《དེང་རབས་ལྷུག་རྩོམ་ཞིབ་འཇུག》སོགས་དཔྱད་རྩོམ60ལྷག་སྤེལ་བ་དང་། 《རྩོམ་འཇུག་རྣམ་བཤད》དང《བོད་ཀྱི་དེང་རབས་རྩོམ་རིག་ཞིབ་འཇུག》《དུས་སྐབས་གསར་པའི་བོད་ཀྱི་སྒྲུང་གཏམ་ཞིབ་འཇུག》བཅས་དཔེ་དེབ7པར་སྐྲུན་བྱས།《རྩོམ་འཇུག་རྣམ་བཤད》ལ་མཚོ་སྔོན་ཞིང་ཆེན་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་བྱ་དགའ་ཨང་གཉིས་པ་དང་། 《བོད་ཀྱི་དེང་རབས་སྙན་ངག་ཞིབ་འཇུག》ལ་མཚོ་སྔོན་ཞིང་ཆེན་ཐེངས་དང་པོའི་རྩོམ་རིག་དཔྱད་བརྗོད་བྱ་དགའ་ཨང་གཉིས་པ་ཐོབ། 《བོད་ཀྱི་དེང་རབས་སྒྲུང་གཏམ་གསར་པའི་ཞིབ་འཇུག》ལ་ཀྲུང་གོའི་བོད་རིག་པའི“ཇོ་མོ་གླང་མའི་བྱ་དགའ”རིམ་པ་གཉིས་པ་ཐོབ། སྒྲུང་གཏམ་ཕྱོགས་བསྒྲིགས《ཀྱག་ཀྱོག་ཏུ་འབབ་པའི་ལུང་ཆུ》ལ་རྒྱལ་ཡོངས་ཐེངས་དགུ་པའི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ“རྟ་མཆོག་བྱ་དགའ”ཐོབ། གཞན་ད་དུང་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི《བོད་ཀྱི་དེང་རབས་རྩོམ་རིག་ཞིབ་འཇུག》དང《དུས་རབས་ཉེར་གཅིག་པའི་བོད་ཀྱི་རྩོམ་རིག》《དེང་རབས་བོད་ཀྱི་བུད་མེད་རྩོམ་པ་པོའི་བརྩམས་ཆོས་ཞིབ་འཇུག》བཅས་ལ་གཙོ་སྐྱོང་གནང་ཞིང་ལེགས་འགྲུབ་ཡག་པོ་བྱུང་ཡོད། ད་ལྟ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི《རྗེ་ཙོང་ཁ་པ་ཆེན་པོའི་སྙན་ངག་གི་རྩོམ་རིག་གོ་གནས་དང་སྒྱུ་རྩལ་མཛེས་ཉམས》ཅེས་པར་ཞིབ་འཇུག་བྱེད་བཞིན་པ་ལགས།

麦琪的礼物.jpg

རྡོ་རིང་པད་མ་དབང་ཆེན། མདོ་སྨད་གཅན་ཚ་རུ་སྐྱེས། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་ནས་མཐར་ཕྱིན། ད་ལྟ《སྦྲང་ཆར》རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་པའི་ལས་ཀ་གཉེར་བཞིན་ཡོད། ལས་ཞོར་དུ་ལྷུག་རྩོམ་དང་ལྷུག་རྩོམ་ཐད་ཀྱི་དཔྱད་བརྗོད་སྐོར་ཞིག《སྦྲང་ཆར》དང《གངས་རྒྱན་མེ་ཏོག》སོགས་ཀྱི་སྟེང་དུ་བཀོད་མྱོང་། ལྷུག་རྩོམ་དེབ《དབུས་ལམ་རིང་མོ》དང་། བསྒྱུར་རྩོམ་དེབ《སུང་རྒྱལ་རབས་ཀྱི་དར་རྒུད》《རོང་འབྲོག་ཞོར་ལས་པའི་ཁེ་དབང་སྲུང་སྐྱོབ་ལག་དེབ》སོགས་དཔེ་དེབ་ལྔ་པར་དུ་བསྐྲུན།

荒野的呼唤.jpg

项链.jpg

ཕུན་ནོར། ཞུས་ཆེན་ལོ་ཙཱ་བ། 1967ལོར་མྱང་སྟོད་སྟག་ཚལ་ཕྱི་རོལ་ལམ་ད་ལྟའི་རྒྱལ་རྩེ་རྫོང་མཁར་ཁ་སྟོད་དུ་སྐྱེས། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ནས་སྔ་ཕྱིར་ཡིག་བསྒྱུར་དང་བོད་སྐད་རིག་རྩལ་ལེ་ཚན་གསར་རྩོམ། རྩོམ་སྒྲིག་དང་འཁྲབ་འཁྲིད། དབྱངས་འདོན་སོགས་ཀྱི་བྱ་བར་གཞོལ། བརྩམས་ཆོས་གཙོ་བོ་ལ《ཟོར་དབྱིབས་ཅན་གྱི་ཟླ་བ》སོགས་བརྩམས་སྒྲུང་ཐུང་འབྲིང་ལྔ་དང་། སྙན་ངག་ཕྱོགས་བསྒྲིགས《བྱ་རྒྱལ་ཁྱུང་གི་གླུ》《རི་ཁུག་ནས་གྲགས་པའི་དཔེ་དེབ》སོགས་བོད་སྐད་རླུང་འཕྲིན་ཟློས་གར་དྲུགའགྱུར་དེབ་ལ《གྷི་ཐན་ཀཱ་ལི》དང《གཞོན་ནུ་འོད་ཐར་གྱི་སེམས་གཅོང》《གྷ་རིམ་གྱི་བྱིས་སྒྲུང་བདམས་བསྒྲིགས》《འབྲུ་སྨུག་པོ》《ངེད་ཀྱི་མི་ཚེའི་གཏམ་རྒྱུད》《ཨོ་ཐོ་མན་བཙན་རྒྱལ》སོགས་རྒྱལ་ཁབ་ཕྱི་ནང་གི་བརྩམས་ཆོས་བཅོ་ལྔ་དང《དམ་པའི་ལམ》སོགས་རླུང་འཕྲིན་ཟློས་གར་དྲུག 《ཁུང་ཙེ》སོགས་་གློག་བརྙན་དང་བརྙན་འཕྲིན་ཟློས་གར་དྲུག་སོགས་པར་སྐྲུན་བྱས།

罗生门.jpg

རྒན་གོང་ཨོ་རྒྱན་རྡོ་རྗེ། སྨྱུག་མིང་ལྗང་གཞོན། བོད་ལྗོངས་ལྷོ་ཁའི་གྲ་ནང་རྫོང་དུ་སྐྱེས། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་དམངས་ཁྲོད་རིག་རྩལ་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་འཛིན་པ། སྔ་ཕྱིར་དགེ་རྒན་དང《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》གྱི་གཙོ་སྒྲིག་པ། ལྷོ་ཁའི་རིག་རྩལ་ལྷན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྷོ་ཁ་གྲོང་ཁྱེར་རིག་གནས་ཅུས་ཀྱི་བརྟག་ཞིབ་པ་གཞོན་པ་སོགས་ཀྱི་འགན་ཁུར། ད་བར་སྙན་དེབ《ཕ་ས་མྱུལ་བའི་རྣམ་ཤེས་ཕྲ་མོ》དང《ཀླུང་ཆེན་ཤར་དུ་རྒྱུ》 འགྱུར་དེབ《ཇ་ཤིང་མེ་ཏོག་མ》དང《སྦལ་པ》 མི་སྣའི་ལོ་རྒྱུས《ལྷོ་ཁའི་གྲགས་ཅན་མི་སྣ་རིམ་བྱོན་གྱི་མཚན་མཛོད》སོགས་དཔེ་དེབ་ཁག16པར་སྐྲུན་བྱས། སྙན་ངག《མཐོ་སྒང་གི་རླུང》དང《གངས་ལྗོངས་ཀྱི་གཏམ་རྒྱུད》《རྩྭ་ཐང་གི་མགྱོགས་བྲིས》《ཨ་མ། ང་ལོག་ཡོང་གིན་ཡོད》སོགས་རྒྱ་ཡིག་དང་ཧྥ་རན་སིའི་ཡི་གེར་བསྒྱུར། སྔ་དུས་ཀྱི་སྙན་ངག《ངས་ཁྱོད་ལ་ཁ་རྡུང་གཏོང》དང《མཐོ་སྒང་གི་རླུང》གཉིས་སློབ་ཆེན་དང་མཐོ་འབྲིང་གི་བོད་ཡིག་སློབ་དེབ་ཏུ་འཁོད། 1992ལོར་བོད་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་དུ་བདམས། 1995ལོར་བོད་ཀྱི་ལོ་བཅུའི་རྩོམ་རིག་གྲུབ་འབྲས་ཀྱི་བྱ་དགའ་ཐོབ། 2008ལོར་སྙན་དེབ《ཕ་ས་མྱུལ་བའི་རྣམ་ཤེས་ཕྲ་མོ》ལ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ"རྟ་མཆོག་བྱ་དགའ"ཐོབ། 2010ལོར་སྙན་དེབ་དེར་བོད་ཀྱི་ཇོ་མོ་གླང་མའི་རྩོམ་རིག་སྒྱུ་རྩལ་གྱི་ཐེབས་རྩའི་མཚན་སྙན་བྱ་དགའ་ཐོབ། 2010ལོར་ཀྲུང་གོའི་དམངས་ཁྲོད་རྩོམ་རིག་ཕྱོགས་བསྡུས་ལས་དོན་གྱི་ལེགས་སྐྱེས་བྱ་དགའ་ཐོབ། 2013ལོར་རྒྱལ་ཡོངས་རིག་རྩལ་ལྷན་ཚོགས་ཀྱི་སྔོན་ཐོན་ལས་དོན་པའི་མཚན་སྙན་ཐོབ། 2017ལོར་བོད་འགྱུར《ཇ་ཤིང་མེ་ཏོག་མ》ལ་བོད་རང་སྐྱོང་ལྗོངས་སྐབས་གཉིས་པའི་ཕུལ་བྱུང་རྩོམ་རིག་འགྱུར་རྩོམ་གྱི་བྱ་དགའ་རིམ་པ་དང་པོ་ཐོབ། 2020ལོར་ལྷུག་རྩོམ《ལྐོག་གྱུར་གྱི་གྲོག་རོང》ལ《བོད་ཀྱི་རྩོམ་རིག་སྒྱུ་རྩལ》གྱི་ལོ་ཟུང་བྱ་དགའ་ཐོབ།

黑猫.jpg

འབྲོང་བུ་རྡོ་རྗེ་རིན་ཆེན། 1967ལོར་མཚོ་སྔོན་གཅན་ཚ་རྫོང་དུ་སྐྱེས། ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་མཚོ་སྔོན་ཡན་ལག་ཚོགས་པའི་ཁོངས་མི་ཡིན། ཞིང་ཆེན་རིམ་པའི་དུས་དེབ་སོགས་སུ་རྩོམ་ཡིག་དགུ་བཅུ་ཙམ་སྤེལ་ཡོད། སྙན་ངག《བཀྲ་ཤིས་རྟགས་བརྒྱད་དང་སྦྱར་བའི་བསྔགས་ཚིག》ལ1981ལོ་ནས1983ལོའི《སྦྲང་ཆར》གྱི་ཕུལ་བྱུང་རྩོམ་ཡིག་དཔྱད་བསྡུར་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་། བརྩམས་སྒྲུང《གཞིས་བྱེས་ལྷན་འཛོམས》ལ《སྦྲང་ཆར》རྩོམ་སྒྲིག་ཁང་གིས་བསྡུས་པའི"མི་རིགས་མཐུན་སྒྲིལ་དང་ཡར་ཐོན"གྱི་བྱ་དགའ་ཨང་དང་པོ་ཐོབ་ཅིང་། རྒྱ་ཡིག་ཏུ་བསྒྱུར་ནས《མི་རིགས་རྩོམ་རིག》ཏུ་བཀོད། བརྩམས་སྒྲུང《ལམ་འགྲམ་གྱི་ཉིན་ཐོ》ཨ་རི་ནས་དབྱིན་ཡིག་ཏུ་བསྒྱུར་ནས་སྤེལ་ཡོད། གཞན་ཡང་བརྩམས་དེབ་ལ་ལོ་རྒྱུས་སྒྲུང་རིང《གངས་ཅན་བོད་ཡུལ་དུ་སྤྲིངས་པའི་འཕྲིན་ཡིག》དང《རྩོམ་ལ་འཇུག་པའི་སྒོ》སོགས་ཡོད་ཅིང་། དཔྱད་རྩོམ་ལ《མི་གཤིས་ཀྱི་བཅིངས་འགྲོལ》དང《འཇིག་རྟེན་ཆོས་བརྒྱད་ལས་འདས་པའི་ཆོས》《སྟག་འབུམ་རྒྱལ་གྱི་ཁྱིའི་སྒྲུང་གཏམ་ལ་དཔྱད་པ》《ཁ་ཕྱོགས་བོར་བའི"རླུང"》《དོན་གྲུབ་རྒྱལ་གྱི་རྩོམ་རིག་གི་དེང་རབས་རང་བཞིན་སྐོར་གླེང་བ》《ལོ་རྒྱུས་རིང་ལུགས་གསར་མའི་འོག་གི་རྩོམ་རིག་སྤྲོས་བརྗོད》《གདགས་སྲིབ་ཀྱི་ངོས་གཉིས་གླེང་བ》སོགས་སྤེལ་ཡོད། ད་ལྟ་རྨ་ལྷོ་གཅན་ཚ་རྫོང་དུ་སློབ་གསོའི་ལས་ཀ་གཉེར་བཞིན་ཡོད་དོ།།

卡门.jpg

ལྡེའུ་ཚེ་བརྟན་རྡོ་རྗེ། 1994ལོར་མཚོ་སྔོན་བྲག་དཀར་རྫོང་ནས་སྐྱེས། 2018ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན། གསར་འགོད་དང་སྙན་སྒྲོན་གྱི་ལས་ཀ་གཉེར་བཞིན་ཡོད། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་སློབ་ཚོགས་ཀྱི་ཚོགས་མི་ཡིན། རྩོམ་རིག་དུས་དེབ་ཆེ་གྲས《སྦྲང་ཆར》སོགས་སུ་སྒྲུང་གཏམ་འགའ་རེ་སྤེལ་མྱོང་ལ། 2018ལོར་སྐབས་དགུ་པའི《སྦྲང་ཆར》“སྨྱུག་གསར་བྱ་དགའ”ཐོབ། 《འཛམ་གླིང་རྩོམ་རིག》དང《མི་རིགས་ཀྱི་རྩོམ་རིག》སོགས་དུས་དེབ་སྟེང་སྒྱུར་རྩོམ་རེ་གཉིས་ཀྱང་བཀོད་ཡོད་ལ། དེའི་ཁྲོད《མོབ་གྷྀ་ལིའི་སྤུན་མཆེད་དག》ཅེས་པར2017ལོའི《མི་རིགས་ཀྱི་རྩོམ་རིག》གི་ལོ་མཇུག་བྱ་དགའ་ཐོབ།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།