ཏང་འཛུགས་སྐྲུན་ལ་དྲོད་ཁོལ་འཛོམས་ཤིང་ཞབས་ཞུ་ཡིས་མི་སེམས་དྲོ་བར་བྱེད།

“རྐང་ཚ་རྫོང་གིས་སྤེལ་བའི‘ངས་མང་ཚོགས་ལ་དོན་དངོས་སྒྲུབ’ཅེས་པའི་བྱ་འགུལ་ཁྲོད། སྡེ་ཁུལ་གྱིས་རང་ཉིད་ཀྱི་དགོས་མཁོ་ལྟར་ཞིབ་ཐོ་བཟོ་ཆོག་ལ། སྡེ་ཁག་དང་ལས་ཁུངས་སོ་སོའི་ཀྲི་པུའུ་ཡིས་གྲུབ་པའི་ཏང་འཛུགས་སྐྲུན་མནའ་འབྲེལ་གྱིས་དེ་ལ་རོགས་རམ་བྱས་ཏེ་འགྲུབ་པར་བྱེད།” མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་མཁར་ཤར་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧྥེང་ཡུས་ཆིང་གིས“ཞིབ་ཐོ”ནང་དུ་དངོས་པོའི་ཕྱོགས་ཁོ་ན་ཙམ་མ་ཡིན་པར། ཏང་གི་སློབ་ཐུན་ཞིག་ཚོགས་པ་དང་སྨན་བཅོས་འགན་སྲུང་དང་ཁྲལ་དོན་སྲིད་ཇུས་སྒྲོག་འགྲེལ་བྱེད་པ། ཏང་གི་ལོ་རྒྱུས་ཤེས་བྱ་འགྲན་བསྡུར་བྱེད་པ་སོགས་ཀྱང་མཁར་ཤར་སྡེ་ཁུལ་གྱི་ཞིབ་ཐོའི་ནང་དོན་དུ་འདུས་ཡོད།

རྐང་ཚ་རྫོང་མཁར་ཤར་སྡེ་ཁུལ་གྱི་མངའ་ཁུལ་དུ་ལས་ཁུངས70ལྷག་དང་གཞིས་ཁུལ25ཡོད་ལ། ལས་ཞུགས་ཏང་ཡོན300ལྷག་ཡོད་པས། རྐང་ཚ་རྫོང་གི་ཆེས་ཆེ་བའི་སྡེ་ཁུལ་ཞིག་རེད། རྒྱལ་ཁབ་ཅིག་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་ཆུ་ཚད་དེ་གཞི་རིམ་དུ་ཚད་ཆེས་ཆེ་བའི་སྒོ་ནས་མངོན་ཡོད་ལ། རྐང་ཚ་རྫོང་གིས་ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་དང་། ཏང་གི་ལོ་རྒྱུས་སློབ་པ་དང་དོན་དངོས་བསྒྲུབ་པའི་བྱ་འགུལ་ལ་ཟུང་འབྲེལ་བྱེད་པ། དམངས་འཚོར་འབྲེལ་བའི་དོན་ཆུང་ནས་མགོ་རྩོམ་པ། “རྩ་འཛུགས་མཉམ་བསྐྲུན་དང་ཐོན་ཁུངས་མཉམ་འབྲེལ། ཏང་ཡོན་གྱིས་སྣེ་ཁྲིད་པའི”བྱ་བའི་ནང་རྐྱེན་འཚོལ་ཞིབ་བྱེད་པ་བཅས་ཀྱིས། སྡེ་ཁུལ་གྱི་ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་བསྒྱུར་དང་། ལག་ལེན་གྱི་ཐོག་ནས་ཐོག་མའི་བསམ་འདུན་ལག་བསྟར་བྱས།

ཟླ10པའི་ཚེས14ཉིན། ཁོམ་ལོང་ཅུང་ཙམ་བྱུང་བའི་ཧྥེང་ཡུས་ཆིང་གིས་དེ་མ་ཐག་ཏང་འཛུགས་མནའ་འབྲེལ་གྱི་འགན་ཁུར་པར་ཁ་པར་བཏང་སྟེ། གཟའ་རྗེས་མར་མནའ་འབྲེལ་ཏང་ཡོན་དང་མཉམ་དུ་རྒན་བཀུར་ཁང་དུ་རྒན་པར་འཚམས་འདྲི་བྱེད་དུ་འགྲོ་རྒྱུའི་གྲོས་ཐག་བཅད། “དགུ་པའི་ཚེས་དགུ་ཉིན་གྱི་དུས་ཆེན་ལ་བརྟེན་ནས་རྒན་པར་བལྟ་རུ་འགྲོ་བ་དང་། ཁོ་ཚོར་ཁ་བརྡ་དང་ཟ་མ་གཡོས་སྦྱོར་བྱེད།”ཧྥེང་ཡུས་ཆིང་གིས་ད་དུང་ཐེངས་རྗེས་མའི་ཏང་གི་ཉིན་མོའི་བྱ་འགུལ་བརྒྱུད་དེ། ཏང་འཛུགས་སྐྲུན་མནའ་འབྲེལ་དང་མཉམ་དུ་མངའ་ཁུལ་གྱི་དབུལ་ཁྱིམ་སློབ་མར་དྲོད་འཛིན་ལག་ཤུབས་ཉོ་འཆར་ཡོད།

“ཞིབ་ཐོ་བཟོས་པ”ལས་གཞན། རྐང་ཚ་རྫོང་གིས་མངའ་ཁུལ་གྱི་ལས་ཞུགས་ཏང་ཡོན་གྱི་ཐོན་ཁུངས་ལེགས་སྒྲིག་བྱས་ཏེ། ཏང་ཡོན་སྡེ་ཁུལ་དུ་སོང་ནས་མང་ཚོགས་ལ་ཞབས་ཞུ་བསྒྲུབ་དུ་བཅུག སྡེ་ཁུལ་གྱི་ལས་ཞུགས་ཏང་ཡོན་ལ་ལས་རྐང12བཙུགས་པ་དང་། དེའི་ཁོངས་སུ་སྨན་ཁང་གི་ཞབས་ཞུ་དང་སྲིད་ཇུས་སྒྲོག་འགྲེལ་སོགས་ཀྱི་ལས་རྐང་འདུས་ཡོད། ལས་རྐང་དེ་དག་བཙུགས་པས་སྡེ་ཁུལ་གྱི་སྡོད་དམངས་ལ་སྟབས་བདེ་གང་ལེགས་ཞིག་བསྐྲུན་ཡོད། དཔེར་ན། སྨན་ཁང་གི་ཞབས་ཞུའི་ལས་རྐང་གིས་སྡོད་དམངས་ལ་རིན་མེད་སྒོས་ཁྲག་ཤེད་འཇལ་བ་སོགས་ཀྱི་ཞབས་ཞུ་མཁོ་སྤྲོད་བྱེད་པ་དང་། སྲིད་ཇུས་སྒྲོག་འགྲེལ་ལས་རྐང་གིས་སྡོད་དམངས་ལ་བཅའ་ཁྲིམས་ཞབས་ཞུ་དང་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་དུ་གཏོང་བཞིན་ཡོད།

དེ་དང་མཉམ་དུ། སྡེ་ཁུལ་གྱི་ཏང་ཡོན་ཐད་ནས་ཀྱང་ཧྥེང་ཡུས་ཆིང་གིས“དམ་འཛིན”བྱེད་ཀྱིན་ཡོད། ཏང་ཡོན་ཀྱི་སློབ་སྦྱོང་ཕྱོགས་ནས་ཏང་གི་ལོ་རྒྱུས་སློབ་པ་གནད་འགག་ཏུ་བཟུང་བའི་བྱེད་ཐབས་སྤྱད་ཅིང་། གཅིག་བསྡུས་སློབ་སྦྱོང་དང་མི་སྒེར་གྱི་རང་སྦྱོང་། ཆེད་དོན་བགྲོ་གླེང་སོགས་ཕན་ཚུན་ཟུང་འབྲེལ་བྱས་པར་མ་ཟད། ཏང་ཡོན་ལ“ཏང་ཡོནeཁྱིམ”གྱི་སྐད་འཕྲིན་ཚོགས་པ་བཙུགས་ཏེ། དྲ་ལམ་དང་དྲ་ལམ་མ་ཡིན་པའི་སྒོ་ནས་ཏང་ཡོན་གྱིས་ཏང་གི་ལོ་རྒྱུས་སློབ་པར་སྐུལ་ཁྲིད་བྱས།

“ཏང་ཡོན་གྱིས་ནམ་ཡང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ་དང་། རང་ཉིད་ལ་རེ་བ་ནན་མོ་འཛིན་པ། སྣེ་ཁྲིད་དེ་སྣང་བརྙན་ཡག་པོ་བསྐྲུན་པ། མིག་དཔེ་སྟོན་པ། གསོལ་འབུལ་མང་དུ་བྱེད་པ། མང་ཚོགས་ལ་ཞབས་ཞུ་སྒྲུབ་པ། དོན་དངོས་མང་པོ་སྒྲུབ་པ་བཅས་བྱེད་དགོས།”ཞེས་པ་དེ་ནི་ཧྥེང་ཡུས་ཆིང་གིས་རྒྱུན་དུ་བཤད་པའི་སྐད་ཆ་ཡིན་ཞིང་། མོས་ཏང་གི་ལོ་རྒྱུས་སློབ་པ་ནི“ངས་མང་ཚོགས་ལ་དོན་དངོས་སྒྲུབ”པར་སྐུལ་འདེད་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་དང་། ཏང་ཡོན་གྱི་གདོང་ལེན་སྣང་བརྙན་ཞིག་འཛུགས་པར་སྣེ་ཁྲིད་པའི་གནད་འགག་ཅིག་ཡིན་པར་སྙམ་ཡོད།

ཏང་ཡོན་བདེ་མོ་མཚོ་ནི་མཁར་ཤར་སྡེ་ཁུལ་གྱི་སྡོད་དམངས་ཤིག་ཡིན་པ་ལ། ཚང་མར་དཀའ་ཁག་ཡོད་ཚེ་མོ་རང་བཙལ་དུ་འགྲོ་སྲིད། ལོ་འདི་དག་གི་རིང་ལ། སྡེ་ཁུལ་དུ་ཡོང་ནས་གཏན་སྡོད་བྱེད་པའི་འབྲོག་པ་ཇེ་མང་ནས་ཇེ་མང་ཡིན་པ་དང་། ཁོ་ཚོ་མང་ཆེ་ཤས་ནི་རྫོང་མཁར་དུ་བྱིས་པ་སློབ་གྲྭར་བསྐྱལ་བའི་རྒན་པ་ཡིན་ལ། སྐད་བརྡ་མི་འཕྲོད་པའི་དབང་གིས་སྒོ་ཕྱི་རུ་ནད་ལ་བལྟ་བ་དང་དོན་དག་བསྒྲུབ་པ་ནི་ཆེས་ཆེ་བའི་དཀའ་ཁག་ཏུ་གྱུར་ཡོད་མོད། འོན་ཀྱང་བསམ་པ་བཟང་བའི་བདེ་མོ་མཚོས་རང་འགུལ་གྱིས་རྒན་པའི་དཀའ་ཁག་འདྲི་རྩད་བྱེད་པར་མ་ཟད། དུས་རྒྱུན་དུ་ཁོ་ཚོ་ཁྲིད་དེ་འགྲོ་ལུགས་སྣ་ཚོགས་སྒྲུབ་ཀྱིན་འདུག

“དེ་ལྟ་བུའི་ཏང་ཡོན་ད་དུང་ཧ་ཅང་མང་པོ་མང་པོ་ཞིག་ཡོད་ལ། ཁྲུན་ཧྭ་ཡང་དེའི་ཁྲོད་ཀྱི་གཅིག་རེད།”ཧྥེང་ཡུས་ཆིང་གིས་བཤད་རྒྱུར། སྡེ་ཁུལ་དུ་དབང་བོ་སྐྱོན་ཅན་ཞིག་ཡོད་པ་དང་། ཏང་འཛུགས་སྐྲུན་མནའ་འབྲེལ་གྱིས་མོར་གློག་ཐབ་དང་གྱོན་བཀྲུ་འཕྲུལ་ཆས་ཤིག་ཉོས་ནའང་།མོས་དེ་བེད་སྤྱོད་བྱེད་མི་ཤེས་པས། ཁྲུན་ཧྭ་རང་འགུལ་གྱིས་མོ་ཚང་ལ་སོང་སྟེ་ཟ་མ་གཡོས་སྦྱོར་དང་གྱོན་ཆས་བཀྲུ་རོགས་བྱེད་པར་མ་ཟད། གློག་ཆས་དེ་དག་ཇི་ལྟར་བེད་སྤྱོད་གཏོང་ཚུལ་ཁྲིད་སྟོན་བྱས།

དམངས་འཚོའི་དོན་དངོས་མང་ཚོགས་ཀྱི་ཉེ་འགྲམ་དུ་བསྒྲུབ་པ་དང་མང་ཚོགས་ཀྱི་བློར་འབབ་དུ་འཇུག་ཆེད། མཁར་ཤར་སྡེ་ཁུལ་གྱིས“དྲ་མིག་གཅིག་དང་མི་སྣ་གསུམ”གྱི་བྱེད་ཐབས་གསར་དུ་བཏོད་ཅིང་། སྡེ་ཁུལ་གྱི་ཞབས་ཞུ་སྔར་བས་ཇེ་ལེགས་སུ་བཏང་། “དྲ་མིག་གཅིག་དང་མི་སྣ་གསུམ”ནི་སྡེ་ཚན་གཅིག་གི་དྲ་མིག་ནང་དུ་དྲ་མིག་པ+དང་བླངས་པ+ཏང་ཡོན་བཅས་ཡོད་པས། སྔར་ལས་ཆེ་བའི་སྟོབས་ཤུགས་ཀྱིས་ཁེངས་ཤིང་། མང་ཚོགས་ཀྱིས་སྔར་ལས་སྣ་ཁ་མང་ཞིང་ཞིབ་ཚགས་ལྡན་པའི་ཞབས་ཞུ་མྱོང་ཆོག

དྲ་མིག་པ་རྡོ་རྗེ་ཐར་གྱིས་དང་བླངས་པ་དང་ཏང་ཡོན་གྱི་སྣེ་ཁྲིད་དེ་ཁྱིམ་ཚང་དུ་འགྲོ་དུས། ལོ་ན70ལ་སོན་པའི་ཁྲེན་ཞིའུ་ལན་ཁྱིམ་དུ་མེད་པ་ཚོར། ལོ་ན18གྱི་ཚ་བོ་དང་མཉམ་དུ་འཚོ་བ་རོལ་བའི་ཁྲེན་ཞིའུ་ལན་ནི་སྡེ་ཁུལ་གྱི་དོ་སྣང་བྱ་ཡུལ་གཙོ་བོ་ཞིག་ཡིན་པ་དང་། རྡོ་རྗེ་ཐར་གྱིས་ཁ་པར་བཏང་རྗེས། ད་གཟོད་མོ་ལ་ནད་བྱུང་སྟེ་སྨན་ཁང་དུ་ཞག་སྡོད་བྱས་ཡོད་པ་ཤེས་རྟོགས་བྱུང་ལ། སྡེ་ཁུལ་གྱིས་མྱུར་བ་མྱུར་བར་ཁྱིམ་སྡོད་རྒན་གསོ་ཞབས་ཞུ་ལྟེ་གནས་ལ་འབྲེལ་བ་བྱས་པར་མ་ཟད། ད་དུང་མོར་གནས་སྐབས་རོགས་སྐྱོར་གྱི་མ་དངུལ་སྒོར5000རེ་ཞུ་བྱས།

མཁར་ཤར་སྡེ་ཁུལ་གྱིས་ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་བརྒྱུད་དེ། “ངས་མང་ཚོགས་ལ་དོན་དངོས་སྒྲུབ”པའི་ལག་ལེན་བྱ་འགུལ་རྒྱུན་མཐུད་ཀྱིས་སྤེལ་བ་དང་། སྡེ་ཁུལ་གྱི་དྲོད་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་སྟེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་དྲོད་ཚད་དང་ཟབ་ཚད་ཡོད་པར་བྱས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།