《མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཆར་འགོད》དངོས་སུ་འགྲེམས་སྤེལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 《མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཆར་འགོད》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)ལ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས91པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་བརྒྱུད། ཟླ11པའི་ཚེས26ཉིན་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས་དངོས་སུ་འགྲེམས་སྤེལ་བྱས།

འཆར་འགོད》དེ་རྨང་གཞི་དང་དུས་བབ་དབྱེ་ཞིབ། སྤྱིའི་བླང་བྱ། གཙོ་གནད་ལས་འགན། འགན་ལེན་བྱ་ཐབས་བཅས་ཁག4རུ་དབྱེ་ཡོད་པ་དང་། ཁྱོན་བསྡོམས་པས་ལེའུ13དང་ས་བཅད52ཡོད། འཆར་འགོད》ནང་སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་བཅོས་སྐྱོང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏོད་པ། ཁོར་ཡུག་གི་ཉེན་ཁ་སྔོན་འགོག་ཚོད་འཛིན་བཅས་ཕྱོགས་བཞིའི་ཐད་ནས་དམིགས་ཚད27གཏན་འཁེལ་བྱས་པའི་ནང་གཅུན་སྡོམ་རང་བཞིན་གྱི་དམིགས་ཚད་ཁག19དང་། སྔོན་དཔག་རང་བཞིན་གྱི་དམིགས་ཚད་ཁག8ཡོད་པ་རེད། “ཀྲུང་ཧྭའི་ཆུ་མཛོད”ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང་། ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དཔེ་སྟོན་སྣེ་ཁྲིད་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏོད་པ། ལྗང་མདོག་གཙང་ཆུའི་ཆུ་མགོ་ནུས་ཤུགས་ཡོད་རྒུས་གཏོད་པ། “མཚོ་སྔོན་སྔོ་ཞིང་དྭངས་བ”སྲ་བརྟན་གྱིས་གོང་མཐོར་གཏོང་བ། དོན་དངོས་སྒོས་མཐོ་སྒང་ལ་སྲུང་སྐྱོང་བྱེད་པ། “དྭངས་གཙང་མཚོ་སྔོན”རྒྱུན་མཐུད་ངང་འཛུགས་སྐྲུན་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་ཁོར་ཡུག་གི་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཚོགས་ཡོངས་ཀྱི་བྱ་སྤྱོད་མ་ལག་འཐུས་ཚང་དུ་གཏོང་བའི་ཁྱབ་ཁོངས་གལ་ཆེན་གཏོད་པ་བཅས་ལ་དམིགས་ཏེ། དཔེ་བསྡུར་ཚད་བསྡུར་གྱིས《མཚོ་བོད་མཐོ་སྒང་དེ་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མགྱོགས་མྱུར་སྒོས་བསྐྲུན་པའི་སྐོར་གྱི་བྱ་སྤྱོད་ཇུས་གཞི》ཡི་ནང་། “མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་བསྐྲུན་པར་ཚད་བརྒལ་ཡོང་གཞིར་བྱས་ཏེ་གཅིག་སྡུད་འགག་སྒྲོལ་གྱིས་བཙོག་འཕྲི་ཐཱན་གཅོག་དང་མཉམ་དུ་བཅོས་སྒྲིག་དང་གྲོང་གསེབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཞན་ཆ་མངོན་གསལ་དུ་བཏང་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་བཅོས་སྒྱུར་གསར་གཏོད་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས”པར་བཏོན།

《འཆར་འགོད་》ལག་བསྟར་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བ་ཉེ་དུས་དང་རྒྱང་རིང་གི་དམིགས་ཚད་མངོན་འགྱུར་ཡོང་བར་བརྩོན་ལེན་བྱེད་དགོས་སྟེ། 2025ལོར་བསླེབ་སྐབས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་ལ་མ་ལག་རང་བཞིན་གྱི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ལེན་པ། “ཀྲུང་ཧྭའི་ཆུ་མཛོད”ཁྱོན་ཡོངས་ནས་ནུས་པ་ལྡན་པའི་སྲུང་སྐྱོང་བྱེད་པ་དང་། ནུས་ཁུངས་དང་ཐོན་ཁུངས་བེད་སྤྱོད་བྱས་པའི་ཕན་འབྲས་ཆེ་རུ་གཏོང་བ། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གྱི་དམིགས་ཚད་དང་ཐབས་ལམ་གཞི་རྩའི་ཆ་ནས་འཛུགས་སྐྲུན་བྱེད་པ། སྦགས་བཙོག་དངོས་རིགས་གཙོ་བོ་ཕྱིར་འབུད་ཚད་རྒྱུན་མཐུད་ངང་ཇེ་ཉུང་དུ་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་ཆེན་པོ་འབྱུང་བ། སྟབས་བདེ་འོས་འཚམ་དང་ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་མགྱོགས་མྱུར་གྱིས་ཆགས་པ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཀ་རྒྱུན་མཐུད་ངང་རྒྱལ་ཡོངས་ཀྱི་རྩེ་མོ་ཡིན་པ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཡར་རྒྱས་གསར་པ་ཡོང་བར་བྱེད་དགོས། 2035ལོར་བསླེབ་སྐབས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དཔལ་ཡོན་མ་ལག་འཛུགས་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ཁྱོན་ཡོངས་ནས་མངོན་འགྱུར་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཞི་རྩའི་ཆ་ནས་འཛུགས་སྐྲུན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།