ལིའུ་ཐའོ་ཡིས་མཚོ་ལྷོ་ཁུལ་གུང་ཧོ་རྫོང་དུ་ནགས་དཔོན་ལམ་ལུགས་ལག་བསྟར་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དུ་ནགས་དཔོན་ལམ་ལུགས་སྐུལ་འདེད་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་། ཁྱོན་ཡོངས་ནས་ཞིང་ཆེན་ཡོངས་ཀྱི་ནགས་དཔོན་ལམ་ལུགས་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱས་ཏེ། མགྱོགས་མྱུར་སྒོས་བྱ་བའི་སྒྲིག་སྲོལ་འཐུས་ཚང་དང་། རིམ་པ་སོ་སོའི་བྱ་བའི་འགན་འཁྲི་སྒྲིག་འཛུགས་བྱས་ནས། ཞིང་ཆེན་ཡོངས་ཀྱི་ནགས་དཔོན་བྱ་བ་དོན་འཁྱོལ་ཡོང་བར་ཁག་ཐེག་བྱེད་དགོས་ཞེས་བསྟན། 

ལིའུ་ཐའོ་སྔ་གཞུག་ཏུ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་དཔོན་སྐོར་སྡེ་བ་དང་། གུང་ཧོ་རྫོང་ཆོས་རྗེ་ནགས་རར་སོང་ནས། མཚོ་ལྷོ་ཁུལ་གྱིས་ནགས་དཔོན་ལམ་ལུགས་ཀྱི་བྱ་བའི་ཡར་ཞུར་ཉན་པ་དང་། ཁུལ་དང་རྫོང་། ཤང་དང་སྡེ་བའི་ནགས་དཔོན་དང་། སྐྱེ་ཁམས་བདག་དམ་མི་སྣ་དང་གླེང་མོལ་བྱས་ཤིང་། སྒྲིག་སྲོལ་སྒྲིག་འཛུགས་འཁོར་རྒྱུག་དང་ནགས་རྩྭའི་ཐོན་ཁུངས་དོ་དམ་སྲུང་སྐྱོང་། ནགས་ཚལ་མེ་འགོག་སོགས་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་བསྟན་དོན། ཁྱོན་ཡོངས་ནས་ནགས་དཔོན་ལམ་ལུགས་ལ་སྐུལ་འདེད་གཏོང་བ་ནི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བྱས་པའི་བཅོས་བསྒྱུར་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་གསར་གཏོད་ཀྱི་ལག་ལེན་དང་། མགྱོགས་མྱུར་ངང་སྐྱེ་ཁམས་དཔལ་ཡོན་མཐོ་ས་དང་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན། 

ལིའུ་ཐའོ་ཡིས་ནན་གྱིས་བསྟན་དོན། 《མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་ནགས་དཔོན་ལམ་ལུགས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》གྱི་དམིགས་འབེན་ལས་འགན་ལྟར། བྱ་བའི་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ་དང་། ནགས་དཔོན་ལམ་ལུགས་ཀྱི་ཕན་འབྲས་མངོན་པར་སྐུལ་འདེད་གཏོང་དགོས། རི་ཆུ་ནགས་མཚོ་དང་མཚེའུ་འཁྱགས་དར་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བཅོས་སྐྱོང་མ་ལག་རྒྱུན་འཁྱོངས་བྱས་ཏེ། རང་བྱུང་ནགས་རའི་སྲུང་སྐྱོང་དང་རྩྭ་ཐང་ཞན་འགྱུར་ལེགས་བཅོས། ས་ནག་ཐང་བཅོས་སྐྱོང་སླར་གསོར་ཤུགས་བསྣན་ནས། སྐྱེ་ཁམས་མ་ལག་སྤུས་ཚད་དང་གཏན་འཇགས་རང་བཞིན་མཐོར་འདེགས་སུ་གཏོང་དགོས། ནགས་ཚལ་སྒྲིག་གཞི་དང་བྱེད་ནུས་ཇེ་ལེགས་སུ་གཏོང་བ་དང་། རྩྭ་སའི་ཐོན་ཁུངས་ལུགས་མཐུན་སྒོས་བེད་སྤྱད་དེ། ནགས་རྩྭའི་མ་ལག་གི་ཐཱན་གཅིག་འདུས་མཐོར་འདེགས་སྲ་བརྟན་དུ་གཏོང་དགོས། སྐོར་ཞིབ་དོ་དམ་ཤུགས་ཚད་ཆེ་རུ་བཏང་ནས། ལྟ་སྐུལ་ཚད་ལེན་སྔོན་བརྡ་ཤུགས་དྲག་ཏུ་བཏང་སྟེ། ནགས་ལས་ཀྱི་གནོད་ལྡན་སྐྱེ་དངོས་འགོག་བཅོས་དང་ནགས་ཚལ་རྩྭ་ཐང་གི་མེ་འགོག་མེ་གསོད་བྱ་བ་ལེགས་པོར་སྒྲུབ་པ་དང་། ནགས་རྩྭའི་རང་བྱུང་སྐྱེ་ཁམས་བརྟན་སྲུང་བྱས་ཏེ། ནགས་རྩྭའི་རང་བྱུང་ཐོན་ཁུངས་གསོ་སྐྱོང་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།