མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་ཏང་འཛུགས་སྐྲུན་བྱ་བའི་བཞུགས་མོལ་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་ཏང་འཛུགས་སྐྲུན་བྱ་བའི་བཞུགས་མོལ་གྲོས་ཚོགས་ཟི་ལིང་དུ་འཚོགས་ཤིང་། གྲོས་ཚོགས་སྟེང་རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་ཏང་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་ཐེངས27པའི་དགོངས་དོན་བརྒྱུད་བསྒྲགས་དང་ལག་བསྟར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་ཏང་འཛུགས་སྐྲུན་བྱ་བ་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་གཞོན་པ་ཀྲའོ་ཡུའེ་ཞ་ཡིས་གསུང་བཤད་གནང་། ཧྲིན་ཀྲང་གཞོན་པ་དང་ཞིང་ཆེན་ཏང་ཨུའི་སློབ་གསོའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དབྱང་ཀྲི་ཝུན་གྱིས་མགོ་འཛིན་གནང་།

གྲོས་ཚོགས་སྟེང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐོ་རིམ་སློབ་གྲྭའི་ཏང་འཛུགས་སྐྲུན་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སློབ་ཁང་དུ་འདྲེན་པ་དང་། སློབ་དེབ་ནང་འཇུག་པ། དགེ་སློབ་ཀྱི་བསམ་བློའི་ནང་འཇགས་པ་བཅས་བྱེད་པར་ནན་གྱིས་སྐུལ་འདེད་གཏོང་དགོས། ལོ་རྒྱུས་ཀྱི་རང་རྟོན་སྲ་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ། དུས་བབ་དང་ལས་འགན་གསལ་རྟོགས་བྱེད་པ། ཡང་དག་པའི་ངང་གསར་གཏོད་བྱེད་པ་མཐའ་འཁྱོངས་བྱེད་པ། ཀུན་སྤྱོད་ལ་བརྟེན་ནས་མི་གཞི་གསོ་སྐྱོང་གི་རྩ་བའི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། “བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད”འཛུགས་སྐྲུན་ལ་མུ་མཐུད་དམ་འཛིན་བཟང་པོ་བྱེད་པ། དགེ་རྒན་གྱི་བསམ་བློ་ཆབ་སྲིད་བྱ་བར་ཤུགས་སྣོན་པ། ཏང་དོན་བྱ་བ་དང་བསམ་བློ་ཆབ་སྲིད་ཀྱི་བྱ་བའི་དཔུང་ཁག་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ནས། མཐོ་རིམ་སློབ་གྲྭའི་ཏང་འཛུགས་སྐྲུན་དང་བསམ་བློ་ཆབ་སྲིད་བྱ་བར་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས་པར་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ། ཞིང་ཆེན་སློབ་གསོ་ཐིང་སོགས་ཀྱི་ལས་ཁུངས10ཡིས་གཏམ་བཤད་སྤེལ་བ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།