ཁོང་ཡུང་གིས་ཁེ་ལས་གྲགས་ཅན་དང་ལས་རིགས་མཐུན་ཚོགས་ཀྱི་འགན་འཁུར་པ་གཙོ་བོ་དང་མཇལ་འཕྲད་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་ཟི་ལིང་དུ་མཚོ་སྔོན་དུ་ཡོང་བའི“རྒྱུད་གཅིག་ལམ་གཅིག”གི་ནུས་ཁུངས་གཙང་མའི་འཕེལ་རྒྱས་གླེང་སྟེགས་ལ་ཞུགས་པའི་ཁེ་ལས་གྲགས་ཅན་དང་ལས་རིགས་མཐུན་ཚོགས་ཀྱི་འགན་འཁུར་པ་གཙོ་བོ་དང་མཇལ་འཕྲད་བྱས་ཏེ་བཞུགས་མོལ་གནང་།

ཁོང་ཡུང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཁེ་ལས་སོ་སོ་དང་དེ་བཞིན་ལས་རིགས་མཐུན་ཚོགས་ཀྱི་འགན་ཁུར་པར་དགའ་བསུ་གནང་ནས། ཁོང་ཚོས་མཚོ་སྔོན་གྱི་ནུས་ཁུངས་ཀྱི་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས་མཚོ་སྔོན་གྱི་ནུས་ཁུངས་གཙང་མའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་ཆུ་དང་རླུང་། འོད་བཅས་ཕན་ཚུན་གསབ་རེས་བྱེད་པར་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་ཡོད། ད་ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་མཚོ་སྔོན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་དང་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་གསུངས་བའི་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་གཏོད་པའི་མཛུབ་སྟོན་གལ་ཆེན་གནང་བ་དེས་མཚོ་སྔོན་གྱི་འཕེལ་རྒྱས་ལ་འཆར་གཞི་གསར་པ་བཟོས་ཡོད། “རྒྱུད་གཅིག་ལམ་གཅིག”གི་ནུས་ཁུངས་གཙང་མའི་འཕེལ་རྒྱས་གླེང་སྟེགས་གཉེར་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནུས་ཁུངས་བདེ་འཇགས་ཀྱི་འཐབ་ཇུས་གསར་པ་ལག་བསྟར་བྱས་ནས། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་སའི་མཛུབ་སྟོན་གལ་ཆེན་འཛུགས་པའི་བྱ་སྤྱོད་གཅིག་སྡུད་ཅིག་རེད། ཁེ་ལས་སོ་སོ་དང་ལས་རིགས་མཐུན་ཚོགས་ཀྱིས་ད་ཐེངས་ཀྱི་གླེང་སྟེགས་གོ་སྐབས་སུ་བྱས་ཏེ་རང་ཞིང་དང་བརྗེ་རེས། མཉམ་ལས་བྱེད་པར་ཤུགས་བསྣན་ནས་ལག་རྩལ་དང་ཤེས་ལྡན་མི་སྣ་སོགས་ཐད་ཀྱི་ལེགས་ཆ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱས་ཏེ་ལག་གདང་སྦྲེལ་ནས་ནུས་ཁུངས་འཕེལ་རྒྱས་ཀྱི་དུས་རབས་གསར་པ་འཛུགས་པར་རེ་བ་ཡོད་ཅེས་གསུངས།

ཁེ་ལས་གྲགས་ཅན་སོ་སོ་དང་ལས་རིགས་མཐུན་ཚོགས་ཀྱི་འགན་འཁུར་པས་མཚོ་སྔོན་ནི་དྭངས་གཙང་ནུས་ཁུངས་ཀྱི་ཞིང་ཆེན་ཆེན་པོ་ཞིག་ཡིན་པས། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེ་ལ་མདུན་ལམ་ཡང་ཧ་ཅང་ཆེན་པོ་ལྡན་ཡོད། ཉེ་བའི་ལོ་ཤས་རིང“གསར་བརྗེ་བཞི་དང་མཉམ་ལས་གཅིག”གི་ནུས་ཁུངས་བདེ་འཇགས་ཀྱི་འཐབ་ཇུས་གསར་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་བསྐྲུན་པར་སྐུལ་འདེད་ཏན་ཏིག་བཏང་བར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། སླད་ཕྱིན་མཚོ་སྔོན་གྱི་ནུས་ཁུངས་གཙང་མ་གསར་སྤེལ་ནང་ཧུར་ཐག་གིས་ཞུགས་ནས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་འཛུགས་པར་རམ་འདེགས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།