ཚེ་རིང་ཐར་གྱིས་ཚད་གཞི་མཐོ་བའི་ཞིང་ཁའི་འཛུགས་སྐྲུན་དང་ཞིང་ལས་སྒྲིག་ཆས་ཐོན་སྐྱེད་གནས་ཚུལ་ལ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས16ཉིན་དང་ཚེས23། ཚེས26ཉིན་ལ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་དང་མཁར་བྱང་ཁུལ། མཚོ་ཤར་གྲོང་ཁྱེར་ཧྭ་ལུང་ཧུའེ་རིགས་རང་སྐྱོང་རྫོང་དུ་རྟོག་ཞིབ་བྱས་པ་དང་། ཞིང་ཁ་དང་ཁེ་ལས་སྡེ་བ། སྒྲིག་ཆས་ཞིང་ལས་རྟེན་གཞི་སོགས་སུ་སོང་ནས། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། ཚད་གཞི་མཐོ་བའི་ཞིང་ཁའི་འཛུགས་སྐྲུན་དང་། སྒྲིག་ཆས་སྔོ་ཚོད་ཐོན་སྐྱེད་མཁོ་འདོན། ཞིང་ལས་ཐོན་རྫས་ལས་སྣོན་ཐོན་སྐྱེད་གནས་ཚུལ་ལ་རྟོག་ཞིབ་བྱས།

ཚེ་རིང་ཐར་གྱིས་ནན་གྱིས་བསྟན་དོན། ལྗང་མདོག་བཅུད་ལྡན་ཞིང་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་བྱེད་ས་གསར་སྐྲུན་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཅངས་པའི་རེ་བ་ཡིན་པ་དང་། ཞིང་ལས་རྣམ་པ་བཅོས་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་དང་། མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཚོ་བའི་དགོས་མཁོ་བསྐོང་བར་དམ་འཛིན་བྱེད་དགོས། སྤུས་ཚད་མཐོ་ཞིང་ཚད་གཞི་མཐོ་བའི་ཞིང་ཁའི་འཛུགས་སྐྲུན་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་ཆུ་གཏོང་བ།གཞུང་ལམ། ནགས་ལས་དྲ་བ་སོགས་རྨང་གཞི་སྒྲིག་ཆས་དང་། འཕྲུལ་ཆས་ཅན། རྒྱུ་ལེགས་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། ཚོང་གཉེར་གཙོ་གཞིའི་ཚད་གཞི་མཐོ་བའི་ས་ཞིང་བརྒྱུད་སྤོར་དང་། ས་ཞིང་བདག་དམ། ཚབ་རྨོ་ཚབ་འདེབས་སོགས་ཀྱི་ཚོང་གཉེར་གྱི་རྣམ་པ་འཚོལ་ཞིབ་བྱས་ཏེ། ས་རྒོད་དུ་བསྐྱུར་བའི་གནད་དོན་གཅིག་གྱུར་བྱེད་དགོས། བསྐྱུར་ཡོད་པའི་སྔོ་ཚོད་སྤྱིལ་ཁང་ལེགས་བཅོས་སླར་གསོ་དང་མུ་མཐུད་དུ་སྔོ་ཚོད་འདེབས་འཛུགས་ཀྱི་གཞི་ཁྱོན་ཆེ་རུ་བཏང་ནས། སྔོ་ཚོད་འདེབས་འཛུགས་ཀྱི་བཅུད་ལྡན་ལུད་རྫས་ཡོངས་སུ་ཁེབས་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁོངས་ལྗང་བསྒྱུར་སོགས་དང་ཟུང་འབྲེལ་སྒོས། ཞིང་ཁའི་མྱུ་གུ་ཕྱིར་འབུད་དང་། རིགས་དབྱེའི་རྨོ་ཞིང་གི“འབྲུ་མིན་ཅན”དུ་ཐག་གཅོད་བྱས་ཏེ། ཞིང་བའི་ཁེ་ཕན་ལ་གྱོད་གུད་མི་ཐེབས་པར་ཁག་ཐེག་བྱེད་དགོས། ཞིང་ལས་སྒྲིག་ཆས་ཁེ་ལས་ཀྱི་དབུལ་སྐྱོར་སྲིད་ཇུས་ཤུགས་ཆེ་རུ་བཏང་ནས །ཁེ་ལས་ལ་རོགས་རམ་བྱས་ཏེ་ཞིང་ཆེན་ཕྱིའི་ཚོང་ར་རྒྱ་བསྐྱེད་དང་། “མཚོ་སྔོན་གྱི་ཚོང་ཟོང་ཕྱིར་བསྐྱོད”པའི་བྱེད་ཐབས་རྒྱ་བསྐྱེད་དགོས། སེམས་ཞིབ་མོས་ཞིང་ལས་ཞིང་སྡེ་དང་གྲོང་གསེབ་དར་སྤེལ་ལས་གཞི་འཆར་འགོད་བྱས་ཏེ། སང་ལོའི་ཞིང་གསུམ་བྱ་བའི་མགོ་ལེགས་པོ་ཞིག་རྩོམ་པར་རྨང་གཞི་ངེས་ཅན་ཞིག་འདིང་དགོས་ཞེས་ནན་གྱིས་བསྟན།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།