ལིའུ་ཐའོ་ཡིས་སྐྱེ་ཁམས་སྲུང་སྐྱོང་ཚད་མཐའ་རུ་བཟུང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དམིགས་འབེན་དུ་བྱས་ནས་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་མགོ་འཛིན་བྱས་ཏེ་ཚྭ་མཚོའི་ཐོན་ཁུངས་བེད་སྤྱོད་ཆེད་དོན་གྲོས་ཚོགས་བསྡུས་ཏེ། ཚྭ་མཚོའི་ཐོན་ཁུངས་བེད་སྤྱོད་གནས་ཚུལ་གྱི་ཡར་ཞུར་ཉན་པ་དང་། 《མཚོ་སྔོན་ཞིང་ཆེན་ཚྭ་འདམ་གཞོང་ཚྭ་མཚོའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་འཆར་འགོད》ལ་གྲོས་ཞིབ་བྱས། མཐའ་གཅིག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚྭ་མཚོའི་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་ཀྱི་བླང་བྱ་གལ་ཆེན་སེམས་སུ་བཟུང་ནས། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དེ་ཚད་མཐའ་རུ་བཟུང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དམིགས་འབེན་དུ་བྱས་ནས། ཚྭ་མཚོའི་ཐོན་ཁུངས་རྒྱུན་མཐུད་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། 

ལིའུ་ཐའོ་ཡིས་ནན་གྱིས་བསྟན་དོན། 《མཚོ་སྔོན་དུ་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པའི་བྱ་ཐབས》ལག་བསྟར་བཟང་བོ་བྱེད་པ་དང་། ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བཅོས་སྐྱོང་བྱས་ཏེ། “དོ་དམ་བྱེད་ནུས་པ་དང་། ཡུན་རིང་ལ་ཕན་པ། སྐྱེ་ཁམས་ལ་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད”བཅས་ཀྱི་དམིགས་འབེན་ལྟར། དོ་དམ་སྒྲིག་གཞི་ཇེ་ལེགས་སུ་གཏོང་དགོས། ཚྭ་མཚོའི་ཐོན་ཁུངས་སྔོག་འདོན་ཤུགས་ཚད་ཆེ་རུ་བཏང་ནས། གཞི་གྲངས་ལ་ཤེས་རྟོགས་བྱེད་དགོས་པ་མ་ཟད་གཏེར་ཁ་སྔོག་འདོན་དབང་ཆ་སྒྲིག་འཛུགས་ཇེ་ལེགས་སུ་བཏང་སྟེ། ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ལྟ་སྐུལ་ཚད་ལེན་མ་ལག་སྒྲིག་འཛུགས་དམ་འཛིན་དང་། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་ཀྱི་རང་གཅུན་རང་བཞིན་ཤུགས་དྲག་དང་ཐོན་ཁུངས་ནུས་མཐོའི་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས། ཚན་རྩལ་འགག་སྒྲོལ་གྱི་ཤུགས་ཚད་ཆེ་རུ་གཏོང་བ་དང་ཅཱ་གཏེར་ཐོན་ཁུངས་ལ་མཐོང་ཆེན་དང་། ཆུ་དཀོན་པའི་ས་ཁུལ་གྱི་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་ལ་ཞིབ་འཇུག་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་བསྐྱོད་རྒྱུན་འཁོངས་བྱས་ཏེ། ལྗང་མདོག་གི་གཏེར་རི་འཛུགས་སྐྲུན་དེ་ཚྭ་མཚོའི་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་བྱེད་པའི་མགོ་མཇུག་བར་གསུམ་དུ་སྦྲེལ་མཐུད་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།