མཱ་ཝེ་ཡིས་མཚོ་ཤར་གྲོང་ཁྱེར་གྱི་དམངས་ཆེན་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ11པའི་ཚེས26ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མཱ་ཝེ་མཚོ་ཤར་གྲོང་ཁྱེར་དུ་སོང་ནས་དམངས་ཆེན་བྱ་བ་དང་འཛུགས་བསྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ཀྲུང་དབྱང་གི་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས། ལི་ཏུའུ་ཆུའུ་རུ་བཞུགས་མོལ་ཚོགས་འདུ་བསྡུས་ནས་འབྲེལ་ཡོད་བྱ་བའི་སྙན་ཞུ་ལ་ཉན་པ་དང་ཀའོ་མིའོ་གྲོང་རྡལ་དང་། ཧྲོའུ་ལུ་གྲོང་རྡལ་དུ་ཡུལ་དངོས་རྟོག་ཞིབ་བྱས།

མཱ་ཝེ་ཡིས་མཚོ་ཤར་གྲོང་ཁྱེར་གྱི་གྲོང་ཁྱེར་དང་རྫོང་། ཞང་བཅས་ཀྱི་དམངས་ཆེན་བྱ་བའི་གསར་གཏོད་འཕེལ་རྒྱས་ཀྱི་ཕྱོགས་ནས་ཁས་ལེན་གང་ལེགས་བྱས་པ་དང་། ཁོས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ཀྲུང་དབྱང་གི་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་ཟུང་འབྲེལ་བྱས་ཏེ། གཅིག་གྱུར་སློབ་སྦྱོང་དང་། གོ་དོན་མཐིལ་རྟོགས་བྱེད་པ་དང་། དུས་རབས་གསར་བའི་དམངས་ཆེན་བྱ་བའི་མཛུབ་སྟོན་བསམ་བློ་དང་། རྩ་དོན་གལ་ཆེན་དང་ལས་འགན་གལ་ཆེན་ཡང་དག་དམ་འཛིན་བྱེད་དགོས། མི་དམངས་དམངས་གཙོ་འཕེལ་རྒྱས་དང་ལེགས་བཅོས་བྱེད་པའི་བརྒྱུད་རིམ་ཧྲིལ་བོའི་སྟེང་ཤུགས་འདོན་དགོས། ཁྲིམས་འཛུགས་སྤུས་ཚད་དང་ལྟ་སྐུལ་ཕན་འབྲས་དངོས་མཐོར་འདེགས་གཏོང་བའི་སྟེང་ནུས་པ་གང་ཡོད་འདོན་དགོས། ཚན་རིག་དམངས་གཙོ་རང་བཞིན་གྱི་ཁྲིམས་ལྟར་ཁྲིམས་འཛུགས་བྱེད་པ་རྒྱུན་འཁྱོངས་དང་། ཁྱད་ལྡན་ཞིབ་ཚགས་ཀྱི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ། ཡང་དག་པའི་ལྟ་སྐུལ་དང་ཕན་འབྲས་ལྡན་པའི་ལྟ་སྐུལ། ཁྲིམས་མཐུན་ལྟ་སྐུལ་བཅས་རྒྱུན་འཁྱོངས་བྱས་ནས། དམངས་ཆེན་ཁྲིམས་འཛུགས་དང་ལྟ་སྐུལ་བྱ་བར་ཁ་གཏད་རང་བཞིན་ཡོད་པ་དང་། ཁྱད་འཕགས་གྲུབ་འབྲས་ཡོད་པར་བྱེད་དགོས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ནས། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་གང་བཏོན་པ་དངོས་སུ་སྒྲུབ་ཐུབ་པ་བྱེད་དགོས་ལ། དམངས་ཆེན་བྱ་བས་དེའི་རྗེས་ཆོད་པ་དང་། སྟོབས་ཤུགས་གཅིག་བསྡུས་བྱེད་ཐུབ་པ། ནུས་པ་འདོན་སྤེལ་བྱེད་ཐུབ་པ་བཅས་བྱས་ནས་དམངས་ཆེན་བྱ་བའི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།