ལིས་ཅེ་ཞང་གིས་ཟི་ལིང་ནས་སྔ་གཞུག་ཏུ་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་ཟི་སོགས་ཁེ་ལས་གསུམ་གྱི་སྤྱི་ཁྱབ་ཅིན་ལི་གཞོན་པར་ཐུག་འཕྲད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་ཟི་ལིང་ནས་སྔ་གཞུག་ཏུ་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་ཟིའི་སྤྱི་ཁྱབ་ཅིན་ལི་གཞོན་པ་ཕན་ཅིན་ཏུང་དང་ལྷོ་རྒྱུད་གློག་དྲ་ཀུང་ཟིའི་སྤྱི་ཁྱབ་ཅིན་ལི་གཞོན་པ་ཁྲིན་ཡོན་ཕིན། ཀྲུང་གོ་ནུས་ཁུངས་འཛུགས་སྐྲུན་སྡེ་ཚོགས་ཀྱི་སྤྱི་ཁྱབ་ཅིན་ལི་གཞོན་པ་ཝུའུ་ཡུན་འཁོར་དང་བཅས་བར་ཐུག་འཕྲད་བྱས།

ལིས་ཅེ་ཞང་གིས་ཁེ་ལས་ཀྱི་འགན་འཁུར་བ་རྣམས་མཚོ་སྔོན་ལ་ཡོང་སྟེ་རྒྱུད་གཅིག་ལམ་གཅིག་གི་དག་གཙང་ནུས་ཁུངས་འཕེལ་རྒྱས་གླེང་སྟེགས་ལ་ཞུགས་པར་དགའ་བསུ་ཞུས་པར་མ་ཟད། ཁེ་ལས་སོ་སོས་དུས་ཡུན་རིང་བོར་མཚོ་སྔོན་གྱི་ནུས་ཁུངས་ལས་དོན་ཐད་ལ་སེམས་ཁུར་དང་རོགས་རམ། རྒྱབ་སྐྱོར་བཅས་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བཤད་དོན། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ་དང་མཚོ་སྔོན་གྱི་བྱ་བར་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། དག་གཙང་ནུས་ཁུངས་ཀྱི་དཔེ་སྟོན་ཞིང་ཆེན་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་གསར་སྐྲུན་བྱེད་པ། སྤོབས་པ་ཆེར་བསྐྱེད་སྒོས་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་བཞིན་ཡོད། ཁེ་ལས་གསུམ་གྱིས་ཚན་རྩལ་གསར་སྐྲུན་དང་འཇོན་མི་གཅིག་སྡུད་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། གོ་སྐབས་དམ་འཛིན་དང་ལག་རྡང་སྦྲེལ་ནས་མཉམ་ལས་བྱེད་པ་དང་། གཉིས་ཕན་མཉམ་རྒྱལ་ལག་བསྟར་བྱས་ནས། མཚོ་སྔོན་གྱི་དག་གཙང་ནུས་ཁུངས་ཐོན་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

ཕན་ཅིན་ཏུང་དང་ཁྲིན་ཡོན་ཕིན། ཝུའུ་ཡུན་བཅས་ཀྱིས་བཤད་དོན། ཁེ་ལས་གསུམ་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་བརྗེ་བཞི་དང་མཉམ་ལས་གཅིག་གི་ནུས་ཁུངས་བདེ་འཇགས་འཐབ་ཇུས་གསར་བ་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། ནུས་ཁུངས་གསར་བ་གཙོ་གཞི་ཡིན་པའི་རྣམ་པ་གསར་བའི་གློག་ཤུགས་མ་ལག་བསྐྲུན་པ་སོགས་ཕྱོགས་སུ་མཚོ་སྔོན་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་མཐོ་ས་གསར་སྐྲུན་བྱེད་པར་རོགས་འདེགས་བྱེད་པ། མཉམ་སྐྲུན་དང་མཉམ་སྤྱོད། མཉམ་རྒྱལ་བཅས་མངོན་འགྱུར་བྱེད་ངེས་ཡིན་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།