—མགོ་ལོག་ཁུལ་གྱི་གཅིག་སྒྲིལ་རྫོང་དང་པད་མ་རྫོང་ལ་བཅའ་ཁྲིམས་ཁྲོམ་བསྒྲགས་སུ་བསྐྱོད་པའི་གནས་ཚུལ།
དང་པོ། ཐོག་མའི་ཀུན་སློང་ཉི་ཟླའི་མདངས་ལྟར་གསལ།
རིག་གནས་དང་ཚན་རྩལ།འཕྲོད་བསྟེན་བཅས་གཞི་རིམ་དུ་སྐྱེལ་བ་ལ“གཞི་རིམ་དུ་སྐྱེལ་བ་གསུམ”ཞེས་བྱ་སྟེ།དབྱེ་སྟངས་འདི་ལས་ཀྱང་གཞི་རིམ་དུ་ཉེ་བར་མཁོ་བ་ནི་རིག་གནས་དང་བཅས་པའི་དེང་རབས་དཔལ་ཡོན་གྱི་ཁ་ཕྱོགས་འདི་དག་ཡིན་པ་དངོས་གནས་རྟོགས་ཐུབ།ཁྱད་པར་རང་རེའི་བོད་ཀྱི་ཡུལ་ཁམས་འདིར་མཚོན་ན་རི་བོ་མཐོ་ལ་ས་ཆུ་གཙང་།འབངས་གཞུང་བཟང་ལ་དྲང་བདེན་བརྩི།དམངས་གཤིས་འཇམ་ལ་བརྩོན་འགྲུས་ཆེ།དེ་ལྟ་ན་ཡང་འཕེལ་རྒྱས་མེད་ན་ཡར་ཐོན་མེད་ཅིང་འཕེལ་རྒྱས་ཀྱི་ཁྲོད་དུ་སྔར་ལས་ལྷག་པའི་རང་ཉིད་འཚོལ་བ་བཞིན།ད་ལྟའི་འཕེལ་རྒྱས་ཀྱི་དུས་རབས་འདིར“གཞི་རིམ་དུ་སྐྱེལ་བ་གསུམ”བོད་ཁུལ་དུ་སོང་ན་སྔར་ལས་ལྷག་པའི་བོད་ཁུལ་གསར་པ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཐད་དགེ་མཚན་ཤིན་ཏུ་ཆེ་བ་མིག་མཐོང་ལག་ཟིན་རེད། ནང་སྒོས་སུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དང་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དུས་དེ་རིང་།བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་བོད་ཁུལ་གྱི་འབྲོག་པ་མང་ཚོགས་ལ་བཅའ་ཁྲིམས་ཁྲོམ་བསྒྲགས་བྱེད་པ་དེ་ནི་རྒྱལ་ཁབ་ཀྱི་བླང་བྱ་དང་མཐུན་ལ།མི་རིགས་ཀྱི་འཕེལ་ཕྱོགས་དང་འཚམ་པ།མི་དམངས་ཀྱི་འདོད་བློ་དང་འཕྲོད་པ་སོགས་ལེགས་ཚོགས་ཅི་རིགས་ཤིག་ལྡན་པས།ལྷག་བསམ་གྱིས་བཅངས་པའི་ཀུན་སློང་རྣམ་དག་གི་ཁར་ངེད་སློབ་གྲྭ་དང་ཞིང་ཆེན་རིམ་པའི་བཀོད་སྒྲིག་ལྟར་ངེད་ཚོ་མི་བཅུ་གཅིག་གིས་གྲུབ་པའི“ཞི་བདེ་མགོ་ལོག”ཚན་ཆུང་གིས་དཀའ་བ་དང་དུ་བླངས།ལྕི་བ་རྒྱབ་ཏུ་ཁུར།དམིགས་པ་འབེན་དུ་བཙུགས་ཏེ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དང་པད་མ་རྫོང་ལ་བཅའ་ཁྲིམས་ཁྲོམ་བསྒྲགས་བྱེད་དུ་སོང་བ་ཡིན།
གཉིས་པ། བར་གྱི་འགྲུལ་བཞུད་རི་རབ་དཔང་ལྟར་བརྗིད།
མར་ཁེ་སི་རིང་ལུགས་ཀྱི་ལྟ་བ་གཞིར་བཟུང་ན་བཅའ་ཁྲིམས་ཞེས་པས་དབང་སྒྱུར་གྲལ་རིམ་གྱི་རེ་འདུན་དང་ཁེ་ཕན་མཚོན་པ་རེད།རང་ཅག་རྒྱལ་ཁབ་ལ་མཚོན་ན་དབང་སྒྱུར་གྲལ་རིམ་ནི་མི་དམངས་ཡིན་པས་རང་རྒྱལ་གྱི་བཅའ་ཁྲིམས་ཀྱིས་རང་རྒྱལ་མི་དམངས་ཀྱི་འདོད་བློ་དང་ཁེ་ཕན་མཚོན་འདུག དེའི་རྒྱུ་མཚན་གྱིས་རང་ཉིད་ཀྱི་འདོད་བློ་དང་ཁེ་ཕན་མཚོན་པའི་བཅའ་ཁྲིམས་དེ་མི་དམངས་ལ་ཁྲོམ་བསྒྲགས་བྱེད་པ་ནི་དོན་སྙིང་ཆེས་ཆེར་ཡོད་པ་ཞིག་ཡིན་པ་གདོན་མི་ཟ།ཆུ་རྨ་ཆུར་བརྒལ་ན་རབ་དགོས་ལ་བྲག་དམར་པོར་འགོ་ན་ཐེམ་དགོས་ཟེར་བ་ལྟར།བྱ་བ་གང་ཞིག་སྒྲུབ་ཀྱང་དེ་ལ་དེ་མཐུན་གྱི་གོ་རིམ་ཞིག་དང་གྲ་སྒྲིག་ཅིག་དགོས་པ་ནང་བཞིན་ངེད་ཚོས་ཀྱང་བྱ་བའི་སྔོན་གྱི་གྲ་སྒྲིག་གང་ལེགས་ཤིག་བྱས་ཟིན་ལ།བཅའ་ཁྲིམས་ཁྲོམ་བསྒྲགས་ཀྱི་ལས་དོན་དངོས་ཀྱི་ཁྲོད་དུ་ཡང་ང་ཚོས་ཐོག་མའི་སེམས་བསྐྱེད་དང་རྩ་དོན་ཡིད་ལ་ཉར་ཞིང་དམ་དུ་བཟུང་སྟེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དང་པད་མ་རྫོང་གཉིས་ཀྱི་སྡེ་བ་བདུན་དང་གྲོང་རྡལ་གཅིག་ལ་སོང་བ་ཡིན།སོང་ནས་ཀྱང་ང་ཚོའི་བཅའ་ཁྲིམས་ཁྲོམ་བསྒྲགས་ཀྱི་བསྒྲག་བྱའི་ནང་དོན་གཙོ་བོ་ནི《རྩ་ཁྲིམས》གཙོར་བྱས་པའི《དམངས་དོན་ཁྲིམས་གཞུང》དང《ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》དང《ནར་མ་སོན་པའི་མིའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས》སོགས་འབྲོག་པ་མང་ཚོགས་དང་ནར་མ་སོན་པའི་བྱིས་པར་ཐད་ཀར་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཤེས་བྱ་ཡིན།དེ་ཡང་བཅའ་ཁྲིམས་ཁྲོམ་བསྒྲགས་ཀྱི་རྣམ་པར་ཁྱད་ཆོས་རང་བཞིན་དང་གསར་གཏོད་རང་བཞིན་ཤིན་ཏུ་ལྡན་ཏེ།བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་བུ་ལོན་དང་བུན་དབང་དཔེ་མཚོན་གྱི་ལད་ཟློས་ཁྲིམས་ར་དང་གཉེན་སྒྲིག་རྒྱུ་ནོར་བགོ་བཤའ་དཔེ་མཚོན་གྱི་འཁྲབ་ཚན་ཆུང་བ་ཞིག དེ་མིན“ཁྲིམས་གཞུང་གཅིག་ནི་མི་ཚེ་གཅིག”བྱ་བའི《དམངས་དོན་ཁྲིམས་གཞུང》གི་ཆེད་དམིགས་བསྒྲགས་བྱང་དང《རྒྱུན་སྤྱོད་བཅའ་ཁྲིམས་ཤེས་བྱ་མཐོང་བ་ཀུན་མཛེས》བྱ་བའི་ལག་དེབ་བཅས་བཟོས་ཤིང་བསྟན་ཏེ།མཐོང་ཐོས་སྣང་ངོར་བབས་པ་ཐམས་ཅད་ལ་བཅའ་ཁྲིམས་སྒྲོན་མེའི་འོད་ཟེར་གྱིས་ཀུན་ཕན་དུ་སྤྱད་པ་ཡིན།ང་ཚོས་འདྲི་རྩད་བྱས་པ་བརྒྱུད་ཤེས་གསལ་བྱུང་བ་ནི།འབྲོག་པ་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་བལྟོས་བཅས་ཀྱིས་མཐོ་རུ་སོང་ཡོད་ཀྱང་སྔར་བཞིན་འཕེལ་རྒྱས་ཆེན་པོ་མེད་པ་མཐོང་། དེའི་རྐྱེན་གྱིས་ངེད་ཅག་གི་བཅའ་ཁྲིམས་ཁྲོམ་བསྒྲགས་ཀྱི་བྱ་བ་དེ་ད་ལྟའི་ཁོང་ཅག་ལ་མཚོན་ན་ཁ་ཚ་དགོས་གཏུག་ཅིག་ཡིན་པ་སྨྲ་མི་དགོས་པ་རེད།ཐེངས་འདིའི་བཅའ་ཁྲིམས་ཁྲོམ་བསྒྲགས་ཁྲོད་ཀྱི་བཅའ་ཁྲིམས་ལེགས་བཤད་རིན་ཆེན་ནི་མདོར་དྲིལ་ན་འདི་དག་སྟེ།གཞན་ལ་བུ་ལོན་གཏོང་སྐབས་རང་གཞན་གཉིས་ལ་ཕན་པའི་ཆེད་དུ་གཡར་འཛིན་དང་བཅས་པའི་ཕ་རོལ་པར་བུ་ལོན་བཏང་བ་ར་སྤྲོད་བྱེད་ནུས་པའི་བདེན་དཔང་ལེགས་པར་ཉར་རྒྱུ་ཤིན་ཏུ་གལ་ཆེ།གལ་སྲིད་བུ་ལོན་དང་བུན་དབང་གི་རྩོད་གཞི་བྱུང་ན་རང་འདོད་རང་མོས་ཀྱིས་ཐག་གཅོད་མི་བྱེད་པར་འདུམ་འགྲིག་བྱེད་པ་གཙོ།དངོས་གནས་འདུམ་འགྲིག་ཡོངས་ཐབས་མེད་ཚེ་བཅའ་ཁྲིམས་ཀྱི་ལག་ཆ་བེད་སྤྱོད་བྱེད་དགོས་པའི་བཅའ་ཁྲིམས་ལེགས་བཤད་ནོར་སྐྱོང་མདུད་པ་རང་གྲོལ་དང་གཅིག གཉེན་སྒྲིག་བྱེད་པ་ལ་གཉེན་སྒྲིག་དཔང་ཡིག་ངེས་པར་དུ་དགོས་པ་དང་།གཉེན་སྒྲིག་དཔང་ཡིག་མེད་པའི་མཉམ་སྡོད་ཀྱི་འབྲེལ་བ་ནི་བཅའ་ཁྲིམས་ཀྱི་ཁས་ལེན་མི་ཐོབ་པ།གཞན་ཡང་གཉེན་སྒྲིག་བྱས་པ་ལས་སྐྱེས་པའི་ཕྲུ་གུ་ལ་བཅའ་ཁྲིམས་ཀྱི་རྒྱབ་སྐྱོར་ཐོབ་པ་ཡིན།དེར་མ་ཟད《དམངས་དོན་ཁྲིམས་གཞུང》གི་ནང་དོན་གསར་བ་ལྟར་ན་ཨ་མའི་མངལ་ན་གནས་པའི་ཕྲུ་གུ་ལ་ཡང་དམངས་དོན་ཁེ་དབང་ནུས་པ་ཡོད་དེ།འོན་ཀྱང་དམངས་དོན་ཁེ་དབང་ལོངས་སུ་སྤྱོད་པའི་ཆ་རྐྱེན་ནི་མངལ་མ་ལྷུང་བའམ་མ་ཆགས་པར་བདེ་བླག་ཏུ་སྐྱེས་པ་དེ་ཡིན།དེ་ལྟར་འདི་དག་ལས་མཆེད་པའི་རྒྱུ་ནོར་བགོ་བཤའི་ཐད་ཀྱི་རྩོད་གཞི་དག་ཀྱང་བཅའ་ཁྲིམས་ཀྱི་རྒྱབ་སྐྱོར་ཐོབ་མི་ཐོབ་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་པའི་བཅའ་ཁྲིམས་ལེགས་བཤད་ཁྱིམ་སྐྱོང་མེ་ལོང་རང་ཤར་དང་གཉིས།ད་ལོར་གསར་དུ་འགྲེམ་བསྒྲགས་བྱས་པའི་རང་རྒྱལ་གྱི་ཁྲིམས་གཞུང་ཐོག་མ《དམངས་དོན་ཁྲིམས་གཞུང》དེ་འབྲོག་པ་མང་ཚོགས་ལ་ཁ་གསལ་གོ་བདེ་ཡིས་གསལ་བཤད་བྱས་པ་སྟེ།ལོ་རྒན་དར་གཞོན་གསུམ་དང་ཚེ་ཐོག་མཐའ་བར་གསུམ་གང་ཞིག་ཡིན་ཀྱང་མི་ཞིག་གི་མི་ཚེ་ཧྲིལ་པོ་ནི《དམངས་དོན་ཁྲིམས་གཞུང》དང་དམ་དུ་འབྲེལ་ཡོད་པའི་བཅའ་ཁྲིམས་ལེགས་བཤད་ཚེ་སྐྱོང་མུན་པ་རང་སེལ་དང་གསུམ་མོ། །
གསུམ་པ། མཐའ་མའི་གནད་དོན་ལ་ཆེན་གཡང་ལྟར་རྔམ།
ལག་ལེན་དངོས་བརྒྱུད་དེ་ཕྱི་མ་ཕྱི་མས་སྔ་མ་སྔ་མ་ལ་ཕྱིར་རྟོག་བྱེད་དགོས་པ་དང་།ཕྱིར་རྟོག་གི་ཁྲོད་དུ་རྙེད་པའི་གནད་དོན་དེ་དག་དབྱེ་ཞིབ་བྱས་ནས་ཐག་བཅད་ན་ད་གཟོད་བདེ་འཇགས་དང་བདེ་སྐྱིད་དང་བདེ་ཐང་གི་མགོ་ལོག་གསར་བ་འཛུགས་སྐྲུན་བྱེད་པར་ཕན་ཐོགས་ཆེ་བར་སྙམ།ངའི་བསམ་པར་འབྲོག་པ་མང་ཚོགས་ལ་བཅའ་ཁྲིམས་ཁྲོམ་བསྒྲགས་བྱེད་པའི་ལས་དོན་འདིར་སྔ་ཕྱི་གཉིས་ཀར་གནད་དོན་འདི་འདྲ་ཞིག་འདུག་སྟེ།
གཅིག་ནི་བཅའ་ཁྲིམས་ཁྲོམ་བསྒྲགས་ཀྱི་བསྒྲག་བྱ་དང་བསྒྲག་ཡུལ་སྣ་མང་ཁ་ཚང་ཅན་མིན་པ།སྔ་མ་ཁོང་རྣམས་དང་ཕྱི་མ་ངེད་ཚོ་གང་ཡིན་ཡང་བཅའ་ཁྲིམས་ཁྲོམ་བསྒྲགས་ཀྱི་ནང་དོན་ཐད་ནས་ཁྲོམ་བསྒྲགས་བྱ་ཡུལ་སྤྱི་ལ་དམིགས་པ་ཙམ་ལས་བྱེ་བྲག་འཐུས་ཤོར་དུ་སོང་འདུག མི་སྣ་མི་འདྲ་བ་སོ་སོར་རང་ཉིད་ལ་མཁོ་བའི་བཅའ་ཁྲིམས་ཀྱི་ཤེས་བྱའང་མི་འདྲ་སྟེ།ཞིང་པ་ལས་ཀ་བ་རྣམས་ལ་མཁོ་བའི་བཅའ་ཁྲིམས་ཀྱི་ཤེས་བྱ་ནི་ངལ་རྩོལ་ལས་བཀོལ་སོགས་ངལ་རྩོལ་གན་རྒྱ་སྐོར་གྱི་བཅའ་ཁྲིམས་ཡིན་པ་དང་།འབྲོག་པ་ཕྱུགས་གཉེར་བ་རྣམས་ལ་མཁོ་བའི་བཅའ་ཁྲིམས་ཀྱི་ཤེས་བྱ་ནི་རྩྭ་ས་འགན་བཅོལ་སོགས་རྩྭ་ཐང་སྐོར་གྱི་བཅའ་ཁྲིམས་ཡིན་པ།ནར་མ་སོན་པའི་བྱིས་པ་ལ་མཁོ་བའི་བཅའ་ཁྲིམས་ཀྱི་ཤེས་བྱ་ནི་ནར་མ་སོན་པའི་མིའི་སྲུང་སྐྱོང་སྐོར་གྱི་བཅའ་ཁྲིམས་ཡིན་པ་སོགས་གལ་ཏེ་ཁྲོམ་བསྒྲགས་བྱ་ཡུལ་ལ་དམིགས་ཏེ་དམིགས་བྱའི་རང་བཞིན་གྱི་བཅའ་ཁྲིམས་ཤེས་བྱ་ཁྲོམ་བསྒྲགས་མ་བྱས་ན་སྤྱང་ཀིའི་རྣ་བར་ཆོས་བཤད་པ་ལྟ་བུ་ལས་དོན་དམ་གྱི་འབྲས་བུ་གང་ཡང་མེད་པར་སེམས།
གཉིས་ནི་བཅའ་ཁྲིམས་ཁྲོམ་བསྒྲགས་ཀྱི་རྣམ་པ་སྣ་འཛོམས་ཕུན་ཚོགས་ཅན་མིན་པ།ད་ཐེངས་ང་ཚོའི་བཅའ་ཁྲིམས་ཁྲོམ་བསྒྲགས་ཀྱི་རྣམ་པ་དེ་སྔོན་ཆད་ཀྱི་སྒྲོག་འགྲེལ་ཅན་དང་སྣ་གཅིག་ཅན་ལས་ལད་ཟློས་ཁྲིམས་ར་དང་འཁྲབ་ཚན་ཆུང་བ་སོགས་སྣ་མང་ཅན་དུ་ཐོད་བརྒལ་བྱས་ཡོད་ལ།ཡིན་ནའང་སྔར་བཞིན་སྣ་ཇེ་མང་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་འབད་དགོས།རྒྱུ་མཚན་ནི་རྣམ་པ་ཡིས་བྱ་བ་དེ་འགྲུབ་མི་འགྲུབ་ལ་ཐད་ཀར་ཤུགས་རྐྱེན་ཐེབས་པས་བཅའ་ཁྲིམས་ཁྲོམ་བསྒྲགས་ཀྱི་རྣམ་པ་དེ་བསྒྲག་བྱའི་ནང་དོན་བཞིན་གལ་ཆེ།རྣམ་པ་མཛེས་ན་མི་དམངས་ཀྱི་ཡིད་སེམས་མགུ་བ་དང་།དེས་མི་དམངས་ཀྱིས་བསྒྲག་བྱའི་ནང་དོན་དེ་དང་ལེན་བྱེད་པ་ལ་ཆུ་དང་འོ་མ་འདྲེས་པ་ལྟ་བུའི་འབྲས་བུ་ཉམས་དགའ་ཞིག་བསྐྱེད་ངེས།
གསུམ་ནི་བཅའ་ཁྲིམས་ཁྲོམ་བསྒྲགས་ཀྱི་དཔུང་ཁག་སྟོབས་ལྡན་དང་ཆེད་ལས་ཅན་མིན་པ། རང་རེའི་འབྲོག་ཁུལ་དུ་བཅའ་ཁྲིམས་ཁྲོམ་བསྒྲགས་བྱེད་པ་ལ་ས་ཁུལ་རང་བཞིན་དང་མི་རིགས་རང་བཞིན་ཆེ་བས་བོད་རྒྱ་སྐད་རིགས་གཉིས་འཛོམས་ཀྱི་ཁྲིམས་ལུགས་ཕོ་ཉ་དང་བཅའ་ཁྲིམས་ཤེས་ལྡན་མི་སྣའི་དཔུང་ཁག་ཧ་ཅང་མཁོ།ཡིན་ན་ཡང་ཆེས་མཁོ་བ་དེ་ཆེས་རྒྱང་ཐག་རིང་བ་བཞིན་ཏག་ཏག་ད་སྐབས་རང་རེའི་མགོ་ལོག་ས་ཁུལ་དུ་སྐད་གཉིས་བཅའ་ཁྲིམས་ཁྲོམ་བསྒྲགས་ཀྱི་དཔུང་ཁག་ཤིན་ཏུ་གཉོམ་པོ་རེད།ཐ་ན་སྲིད་གཞུང་དང་ཁྲིམས་འཛིན་ལས་བྱེད་པ་དག་གི་སྐད་གཉིས་བཅའ་ཁྲིམས་ཁྲོམ་བསྒྲགས་ཀྱི་ཆུ་ཚད་ཡང་མཐོན་པོར་སོན་མེད་པའི་སྟབས་ཀྱིས་སྤྱི་ཚོགས་དང་སློབ་གྲྭ་ནས་སྐད་གཉིས་བཅའ་ཁྲིམས་ཤེས་ལྡན་མི་སྣ་སྡུད་ལེན་བྱས་ཏེ་བཅའ་ཁྲིམས་ཁྲོམ་བསྒྲགས་ཆེན་པོའི་གནས་བབ་འཛུགས་རྒྱུ་དེ་ནི་བསྙོན་དུ་མེད་པའི་འོས་འགན་ཞིག་རེད་འདོད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
“གཞི་རིམ་དུ་སྐྱེལ་བ་གསུམ”ལས་རིག་གནས་གྲོང་གསེབ་ཏུ་བསྐྱོད་པ།