རྒྱལ་ལམ315པའི་སྟེང་གི་མཛེས་ལྗོངས་ཁུལ།
ཤར་ཕྱོགས་དུས་རླུང་ནི་རང་རྒྱལ་གྱི་ནམ་ཟླར་ཤུགས་རྐྱེན་བཟོ་བའི་རྒྱ་མཚོའི་དུས་རླུང་ཆེས་གཙོ་བོ་ཡིན། ཙོང་ཆུའི་དབུས་རྒྱུད་གཤོངས་སར་ཆགས་ཡོད་པའི་ཟི་ལིང་གྲོང་ཁྱེར་ནི་ཤར་ཕྱོགས་དུས་རླུང་སླེབས་ཀྱིན་ཡོད་པའི་ནུབ་ཕྱོགས་ཀྱི་ཆེས་མཐའ་སྣེའི་གྲོང་ཁྱེར་ཡིན། ཤར་ཕྱོགས་དུས་རླུང་གི་ཤུགས་རྐྱེན་དབང་གིས་ཟི་ལིང་གྲོང་ཁྱེར་ནི་ནམ་ཟླ་དྲོ་ལ་ཆར་ཆུ་མོད་པའི་གྲོང་ཁྱེར་ཞིག་ཏུ་གྱུར་ཡོད།
རྒྱལ་ལམ315པ་ནི་མཚོ་སྔོན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཏེ་ཟི་ལིང་ནས་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཁ་ཧྲི་གྲོང་ཁྱེར་བར་གྱི་གཞུང་ལམ་ལ་ཟེར་བ་དང་། སྤྱིའི་རིང་ཚད་ལ་སྤྱི་ལེ3063ཡོད། དེའི་ནང་གི་སྤྱི་ལེ་སྟོང་གཅིག་ལྷག་མཚོ་སྔོན་གྱི་ཡུལ་ཁོངས་སུ་གནས་ཡོད།
ཟི་ལིང་གི་ནམ་ཟླ་དྲོད་འཇམ་དང་མཚོ་ངོས་མཐོ་ཚད་འཚམ་པོ་དེས་ཟི་ལིང་གྲོང་ཁྱེར་དུ་རྩྭ་རྩི་ཤིང་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རང་བྱུང་མཛེས་ལྗོངས་མངོན་ཡོད་པས།གནས་འདི་ནི་རྨ་ཙོང་གྲོང་རོང་གི་ཞིང་ལས་ཆེས་དར་བའི་ས་ཁུལ་ཡང་ཡིན།
ཟི་ལིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་བཅུ་ཕྲག་གིས་ཆོད་པའི་ཉི་ཟླ་ཉག་ག་ནི་རང་རྒྱལ་གྱི་ཤར་ཕྱོགས་དུས་རླུང་ཁུལ་དང་ཤར་ཕྱོགས་དུས་རླུང་མ་ཡིན་པའི་ཁུལ་གཉིས་ཀྱི་དབྱེ་མཚམས་ཡིན་ལ། རང་རྒྱལ་གྱི་ཞིང་ལས་ཁུལ་དང་ཕྱུགས་ལས་ཁུལ་གཉིས་ཀྱི་དབྱེ་མཚམས་ཀྱང་ཡིན་པས། ཉི་ཟླ་ཉག་ག་ཤར་ཕྱོགས་ནི་གཤིན་པོའི་ས་ཞིང་ཡིན་ལ། ནུབ་ཕྱོགས་ནི་མུ་མཐའ་མེད་པའི་རྩྭ་ཐང་ཡིན།
རྩྭ་ཐང་ནི་མདོ་དབུས་མཐོ་སྒང་གི་མཚོན་རྟགས་རང་བཞིན་གྱི་རང་བྱུང་མཛེས་ལྗོངས་ཁུལ་ཡིན། མཚོ་ངོས་མཐོ་ཚད་མཐོ་བའི་ཤུགས་རྐྱེན་ཐེབས་ཏེ་མཚོ་སྔོན་པོ་མཐའ་འཁོར་གྱི་རྩྭ་ཐང་དང་མཚོ་སྔོན་ལྷོ་ཕྱོགས་ཀྱི་རྩྭ་ཐང་གཉིས་ལ་མིག་ལམ་ནས་ཁྱད་པར་ཆེ་ནའང་།མཐོ་སྒང་རྩྭ་སའི་དཔེ་མཚོན་ཁྱད་ཆོས་ཡོད་པ་བལྟས་མ་ཐག་ཏུ་ཤེས་ཐུབ།
མཐོ་སྒང་རྩྭ་སའི་རང་བྱུང་ས་གཤིས་རྒྱལ་ལམ315པའི་སྟེང་ངེས་པར་བརྒྱུད་དགོས་པའི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་དུ་ལྷག་པར་མངོན་གསལ་དུ་མཚོན་ཡོད།
ཐེམ་ཆེན་རྫོང་གི་ཆ་སྙོམས་མཚོ་ངོས་མཐོ་ཚད་སྨི4000ལས་བརྒལ་བ་དང་། རྫོང་ཁོངས་སུ་རི་བོ་མང་པོ་ཕྲེང་བསྟར་དུ་ཆགས་ཤིང་རྩྭ་ཐང་མུ་མཐའ་མེད་པར་ཡོད་པས་རི་དྭགས་སྣ་ཚོགས་འཚོ་གནས་བྱེད་ས་ཡིན། ཐེམ་ཆེན་རྩྭ་ཐང་དུ་བསྐྱོད་ན། “ནོར་ལུག་རྩྭ་གསེང་དུ་ཡིབ་ཆོག”པའི་རྩྭ་ཐང་གི་མཛེས་ལྗོངས་མིག་ལམ་དུ་མངོན་སྲིད་པས། སེམས་ལ་གཡོ་འགུལ་མི་ཐེབས་པའི་མི་གཅིག་ཀྱང་མི་འདུག དེ་ལྟ་བུའི་མཛེས་ལྗོངས་བོད་བྱང་ཕྱོགས་མཐོ་སྒང་ན་གཅིག་མ་གཏོགས་མེད་ཅེས་སུ་ཞིག་གིས་སྨྲེང་ཚིག་ཤོར་བར་ཡང་ཁག་མི་འདུག།
ཚྭ་འདམ་གཤོངས་སའི་ཕྱོགས་བཞི་རི་ཚོགས་ཀྱིས་བསྐོར་བ་དང་། རི་བོ་ཚོགས་ཀྱིས་བཀག་ཡོད་པའི་རྐྱེན་གྱིས་ཚྭ་འདམ་གཤོངས་སའི་ནམ་ཟླ་ཧ་ཅང་ཐན་པ་ཆེ་བས། མུ་མེད་བྱེ་ཐང་གཙོ་བོ་ཡིན་པའི་ཐན་པ་ཕྱེད་ཀྱི་ས་རྒྱུད་ཀྱི་ས་གཤིས་ཁྱད་ཆོས་ལྡན།
ཡུན་རིང་བའི་ས་གཤིས་ཆགས་པའི་ལོ་རྒྱུས་ཀྱི་ཁྲོད་དུ། ཚྭ་འདམ་གཤོངས་ས་ནི་སྔོན་ཆད་གནའ་བོའི་ས་དབུས་རྒྱ་མཚོའི་མཚོ་ཞབས་ཡིན་ལ། མཚོ་ཞབས་ཡར་འཕགས་རྗེས། མཚོ་ཞབས་ཀྱི་བསགས་དངོས་ལ་ཡུན་རིང་དུ་རླུང་གཡུག་པས།ཀྲུང་གོའི་ནུབ་རྒྱུད་ཀྱི་དཔེ་མཚོན་རང་བཞིན་གྱི་བྲག་དམར་ས་གཤིས་གྲུབ་ཡོད།དེ་དང་མཉམ་དུ། ས་དབུས་རྒྱ་མཚོའི་མཚོའི་ཆུ་ལྷག་མ་ཚྭ་འདམ་གཤོངས་སུ་ཆེ་ཆུང་སྣ་ཚོགས་ཀྱི་ཚྭ་མཚོ་རུ་ཆགས་ཏེ། ཚྭ་འདམ་གཤོངས་ས་ནི་ཀྲུང་གོའི་ཚྭ་མཚོའི་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་ཡིན།
ང་ཚོ་རྒྱལ་ལམ315པ་བརྒྱུད་ནས་ནུབ་ཕྱོགས་སུ་བསྐྱོད་ན། དུས་ཚོད24ཡི་རིང་ལ་ཁྱེད་ཀྱི་མིག་ལམ་དུ་ཉུང་མཐར་ཡང་ལྗོངས་ཁུལ་འདི་དག་མཐོང་ཐུབ་པ་སྟེ། ཟི་ལིང་གཤོངས་སའི་མཐོ་སྒང་ཞིང་ལས་ཁུལ་གྱི་རང་བྱུང་མཛེས་ལྗོངས་ཁུལ་དང་། ཉི་ཟླ་ཉག་ག། མཚོ་སྔོན་པོའི་མཐའ་འཁོར། ཐེམ་ཆེན་རྩྭ་ཐང་སྟེ་མཐོ་སྒང་རྩྭ་ཐང་གི་མཛེས་ལྗོངས་ཁུལ། ཚྭ་ཁ་ཚྭ་མཚོའི་མཛེས་ལྗོངས་ཁུལ། ཚྭ་འདམ་གཤོངས་སའི་མུ་མེད་བྱེ་ཐང་གི་མཛེས་ལྗོངས་ཁུལ་བཅས་ཡིན། དེ་ལྟ་བུའི་རང་བྱུང་མཛེས་ལྗོངས་ཁུལ་མང་པོ་ནི་མཚོ་སྔོན་ཞིང་ཆེན་ནང་ཁུལ་དུ་རྒྱལ་ལམ109པ་མ་གཏོགས་ཡོད་མི་སྲིད། །
མི་རིགས་ཡུལ་སྲོལ་བཤམས་སྟོན་བྱེད་ས།
ཀྲུང་གོ་པའི་སེམས་སུ་མི་ཆོས་རིག་གནས་ཀྱི་ནང་དོན་ལ་གོ་བ་བླངས་ན་ད་གཟོད་རང་བྱུང་མཛེས་ལྗོངས་ཁུལ་ལ་མཛེས་དཔྱོད་རིན་ཐང་ལྡན་པར་འདོད་ཀྱིན་ཡོད།དེ་ནི་ཀྲུང་གོའི་མཚན་ཉིད་རིག་པའི་མངོན་གསལ་ཁྱད་ཆོས་རེད། ལོ་རྒྱུས་ཀྱི་འགྱུར་ལྡོག་ཁྲོད། མཚོ་སྔོན་དུ་གཞིས་ཆགས་ཡོད་པའི་མི་རིགས་ཆེན་པོ་དྲུག་འཆམ་མཐུན་མཉམ་གནས་དང་སྐྱིད་སྡུག་མཉམ་མྱོང་བྱས་ཏེ། ཕན་ཚུན་གཅིག་ལ་གཅིག་མཐུན་གྱིས་དཔལ་ཡོན་མཛེས་ལྗོངས་ཁུལ་གསར་སྐྲུན་བྱས་ཤིང་། ཟི་ལིང་གི་མི་ཆོས་རིག་གནས་ཀྱི་མཛེས་པའི་ཁྲོད་དུ་གནས་བབ་དེ་གང་ལེགས་ཀྱིས་མཚོན་ཡོད།
ཟི་ལིང་གྲོང་ཁྱེར་ནི་དར་གོས་གནའ་ལམ་ལྷོ་མ་དང་ཐང་བོད་གནའ་ལམ་གྱི་ངེས་པར་བརྒྱུད་དགོས་པའི་ས་ཆ་ཡིན། རྒྱལ་ལམ315པ་དང་དར་གོས་གནའ་ལམ་ལྷོ་མའི་བསྣོལ་མཚམས་ཀྱང་ཡིན།
དར་གོས་གནའ་ལམ་གྱི་གཟི་བརྗིད་ནི་ལམ་འགྲམ་དེ་ན་ཡོད་པའི་མི་རིགས་སོ་སོའི་སྤུན་ཟླ་རྣམས་ཀྱིས་མཉམ་དུ་གསར་སྐྲུན་བྱས་པ་ཡིན་ལ། ཕུན་ཚོགས་སྣ་མང་གི་མི་རིགས་རིག་གནས་ཀྱིས་རྒྱལ་ལམ315པར་ངོ་མཚར་ལྡན་པའི་མི་ཆོས་རིག་གནས་ཀྱི་བརྩེ་བ་མངོན་དུ་བཅུག་ཡོད།
རི་ཆུ་ནི་རིག་གནས་ཐེག་བྱད་ཡིན་ལ། རིག་གནས་ཀྱིས་རི་ཆུ་ལ་སྔར་བས་འགུགས་ཤུགས་བསྩལ་ཡོད། མཚོ་སྔོན་པོར་མཚོན་ནས་བཤད་ན། ལོ་རྒྱུས་དུས་སྐབས་མི་འདྲ་བའི་ནང་དུ་མཚོ་སྔོན་པོའི་མཐའ་འཁོར་གྱི་མི་རིགས་སོ་སོས་མུ་མཐའ་བྲལ་བའི་མཚེའུ་ཆེན་པོ་འདི་ལ་ལྷ་སྒྲུང་དང་གཏམ་རྒྱུད། ལོ་རྒྱུས་ཀྱི་གཏམ་རྒྱུད་མང་པོ་བསྐྱུར་ཡོད་ལ། དེ་ཡིས་མཚོ་སྔོན་པོའི་མི་ཆོས་རིག་གནས་ལ་ཚོན་མདངས་བསྣན་ཡོད།དེས་ཀྱང་ང་ཚོས་ཟུར་མི་འདྲ་བའི་རིག་གནས་ཀྱི་མཐོང་སྣེ་ནས་མཚོ་སྔོན་པོ་ལ་འགྲེལ་བ་སྣ་ཚོགས་བརྒྱབ་ཆོག་པའི་ངེས་པ་བསྩལ་ཡོད་ལ། དེ་ལྟ་བུའི་སྣང་ཚུལ་ཡང་རྒྱལ་ལམ315པ་སྟེང་དུ་གང་མང་ཡོད། དོན་སྙིང་དེ་ལ་གཞིགས་ནས་བཤད་ན། རྒྱལ་ལམ315པ་ནི་མདོ་དབུས་མཐོ་སྒང་གི་མི་རིགས་རིག་གནས་ཀྱི་ཡུལ་སྲོལ་ལ་རོལ་མྱོང་བྱེད་པའི་ཁྱམས་རིང་ཞིག་ཀྱང་ཡིན་ནོ། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
རྒྱལ་ལམ315པའི་འགྲམ་ནས་མཚོ་སྔོན་ལ་ལྟད་མོར་ལྟ་བ།