མཚོ་སྔོན་ཞིང་ཆེན་གྱིས་རྨ་ཆུ་བཞུར་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་ལྔ་པ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས24ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་གྱིས་རྨ་ཆུ་བཞུར་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་ལྔ་པ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་ཆུ་བཞུར་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ད་དུང་ལས་དོན་སྙན་ཞུ་ལ་ཉན་པ་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ནས། གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པ་མ་ཟད་གཏམ་བཤད་གནང།

མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་གཞོན་པ་ལི་ཅེ་ཞང་དང་ཚུང་ལེ། དབྱང་ཧྲིན་ཁྲོན། ཀྲང་ལི། ལིའུ་ཐའོ། དབྱང་ཀྲི་ཝུན། ཚེ་རིང་ཐར་བཅས་གྲོས་ཚོགས་སུ་ཞུགས་ཡོད་པ་རེད།

ཝང་ཅན་ཅུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་གཉིས་ལ་བཞུགས་མོལ་གྲོས་ཚོགས་ལ་མགོ་འཛིན་མཛད་པ་མ་ཟད་གསུང་བཤད་གལ་ཆེན་གནང་ནས། རྨ་ཆུ་བཞུར་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟག་དཔྱད་དང་ ཁ་ཕྱོགས་གཏན་འཁེལ། ལེ་ཚན་ཇུས་འགོད། ཁ་ཕྱོགས་སྣེ་ཁྲིད་བཅས་གནང་ནས་ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་འབྱུང་རྩའི་འགན་འཁྲི་འཁུར་བར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་གནང་ཡོད། རྨ་ཆུའི་བུ་ཕྲུག་ཡིན་པའི་ཆ་ནས། རྨ་ཆུར་སྲུང་སྐྱོང་བྱེད་པར་མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་བློ་གྲོས་དང་སྟོབས་ཤུགས་འདོན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གཉིས་ལག་བསྟར་དོན་འཁྱོལ་བྱེད་པའི་སྤྱི་ཡོངས་རང་བཞིན་དང་བརྒྱུད་རིམ་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་། ལྗང་མདོག་འཕེལ་རྒྱས། ཐོན་ཁུངས་གྲོན་ཆུང་། ཐཱན་ཉུང་ནུས་ཆེ་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་ལེགས་པར་བསྐྱོད་དེ་རྨ་ཆུ་དེ་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་བདེ་སྐྱིད་ལྡན་པའི་ཆུ་བོ་ཞིག་ཏུ་འགྱུར་བ་བྱེད་དགོས་པར་བསྟན།

ཞིན་ཁྲང་ཞིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་ཆུ་བཞུར་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། རྨ་ཆུ་བཞུར་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་འཐབ་ཇུས་རང་བཞིན་གྱི་ཇུས་འགོད་དང་འཐབ་ཇུས་རང་བཞིན་གྱི་དམིགས་ཚད། འཐབ་ཇུས་རང་བཞིན་གྱི་ལས་འགན་བཅས་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པ་དང་ཐོན་ལས་འཕེལ་རྒྱས་ཀྱི“ཁུལ་བཞིའི”བརྗོད་དོན་ཁྲོད་ཀྱི་དོན་སྙིང་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་པ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་པའི“ཆུ་བོའི་སྟོད་རྒྱུད་ཀྱི་ཆུ་ཁུལ་ནི་རང་བྱུང་སྐྱེ་ཁམས་མ་ལག་གི་ཆ་ཚང་རང་བཞིན་དང་གཞི་གཅིག་ཅན་གྱི་སྒོ་ནས་མཐོ་སྒང་གི་མཐོ་གྲང་ས་ཁུལ་ལ་དམིགས་བསལ་གྱི་སྐྱེ་ཁམས་མ་ལག་སྲུང་སྐྱོང་བྱེད་དགོས”ཞེས་པའི་ཞིབ་ཕྲའི་ངེས་གནས་ཡང་དག་པར་ཁོང་དུ་ཆུད་པ་བྱས་ནས་དམར་ཐིག་ནན་སྲུང་དང་། ཚད་གཞི་ནན་སྲུང་། འགོག་སྲུང་འཛིང་རགས་ནན་སྲུང་བཅས་བྱེད་དགོས། དོན་འཁྱོལ་ལ་མཐོང་ཆེན་བྱས་ཏེ་རི་ཆུ་ནགས་ཞིང་མཚེའུ་མཚོ་དང་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོར་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། གཙོ་གནད་ལས་གཞིའི་རྣམ་གྲངས་ཁག་གཅིག་ལག་བསྟར། སྐྱེ་ཁམས་དམངས་ཕན་བྱེད་ཐབས་དོན་འཁྱོལ་བྱེད་པ། ནུས་ལྡན་གྱི་གཅུན་འདོམས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས་ལྗང་མདོག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པར་བསྟན།

གྲོས་ཚོགས་སྟེང《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་ཆུ་བཞུར་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་བསམ་འཆར》དང《“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་རྨ་ཆུ་མཚོ་སྔོན་བཞུར་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་བསྟར་ཇུས་གཞི》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།