ཟི་ལིང་གྲོང་ཁྱེར་གྱིས་ཁྱོན་ཡོངས་ནས་འགོག་ཟོན་ཁུལ་གྱི་དོ་དམ་ཚོད་འཛིན་མེད་པར་བཟོས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས25ཉིན། གསར་འགོད་པར་ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར། ཞིང་ཆེན་རིམ་པའི་ཆེད་མཁས་ཚོ་ཆུང་གི་དཔྱད་དཔོག་བྱས་ཤིང་། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ལ་སྙན་སེང་ཞུས་ནས་མོས་མཐུན་བྱུང་བ་ལྟར། དེ་ཉིན་ནས་བཟུང་། ཟི་ལིང་གྲོང་ཁྱེར་གྱིས་ཁྱོན་ཡོངས་ནས་འགོག་ཟོན་ཁུལ་གྱི་དོ་དམ་ཚོད་འཛིན་གློད་པ་རེད། 

ཟླ10པའི་ཚེས28ཉིན། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས།  གྲོང་ཁྱེར་ནང་གི་རིམས་ནད་འགོས་མཚམས་གཅོད་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་བཅོས་ལམ་སྲོལ་ཕྱོགས་བསྡུས་ཚོ་ཆུང་གི《པྲོག་གསར་གློ་ཚད་རིམས་ནད་ཀྱི་སྡེ་ཁུལ་སྔོན་འགོག་ཚོད་འཛིན་ཇུས་གཞི》ཡི་ཁུལ་གསུམ་དབྱེ་འབྱེད་ཚད་གཞི་གཞིར་བཟུང་། ཕྱོགས་བསྡུས་ཞིབ་འཇུག་བརྡར་གཅོད་བྱས་པ་བརྒྱུད། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ལ་སྙན་སེང་ཞུས་ནས་མོས་མཐུན་བྱུང་ཞིང་། ཟི་ལིང་གྲོང་ཁྱེར་གྱིས་ཐེངས4ལའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ་ཡོངས་བསྒྲགས་བྱས་ཏེ། སྔ་རྗེས་སུ་ཞིན་ཧའེ་ལམ་གྱི་ར་སྐོར་ཨང30པ་སོགས་ས་ཁོངས15བཀག་སྡོམ་ཁུལ་དུ་བགར་པ་དང་། ཧའེ་ཧུའུ་ཁུལ་གསར་གྱི་ཕྱོགས་བསྡུས་བཀོད་སྒྲིག་གཞིས་ཁུལ་སོགས་ས་ཁོངས18འཛིན་སྡོམ་ཁུལ་དུ་བགར། གྲོང་ནུབ་ཁུལ་གྱི་སྲིད་འཛིན་ཁུལ་ཁྱབ་ཁོངས་སོགས་ས་ཁོངས5འགོག་ཟོན་ཁུལ་དུ་བགར། བཀག་སྡོམ་འཛིན་སྡོམ་བྱེད་རིང་ཁྱིམ་སྡོད་ལོགས་བཀར་དང་། ཉིང་སྐྱུར་བརྟག་དཔྱད། སེམས་ཁམས་གཅེས་སྐྱོང་། བདེ་ཐང་ལྟ་ཞིབ་ཚད་ལེན། དགོས་ངེས་ཀྱི་འཚོ་བའི་སྨན་བཅོས་དངོས་ཟོག་འགན་ལེན། ཁོར་ཡུག་གཙང་སེལ། གད་སྙིགས་རིགས་དབྱེ་གཙང་སྐྱེལ། ལས་རེས་སྐོར་གཡེང་སོགས་ཀྱི་ལས་དོན་དོན་འཁྱོལ་ནན་མོ་བྱས་པ་རེད། ཟླ11པའི་ཚེས19ཉིན་བར། ཟི་ལིང་གྲོང་ཁྱེར་གྱི་བཀག་སྡོམ་ཁུལ15དང་འཛིན་སྡོམ་ཁུལ18ཚང་མའི་བཀག་རྒྱ་གློད་པ་རེད། ཞིང་ཆེན་རིམ་པའི་ཆེད་མཁས་ཚོ་ཆུང་གིས་དཔྱད་དཔོག་བྱས་པ་དང་། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་སྙེན་སེང་ཞུས་ནས་མོས་མཐུན་བྱུང་བ་བརྒྱུད། ཟླ11པའི་ཚེས25ཉིན་ནས་བཟུང་། ཟི་ལིང་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་འགོག་ཟོན་ཁུལ་གྱི་དོ་དམ་ཚོད་འཛིན་མེད་པར་བཟོས། 

འགོག་ཟོན་ཁུལ་གྱི་དོ་དམ་ཚོད་འཛིན་གློད་རྗེས། ཟི་ལིང་གྲོང་ཁྱེར་གྱིས་སྔར་ལས་ལྷག་པའི་སྒོ་ནས“ཕྱོགས་བཞིའི་འགན་འཁྲི”ཇེ་ནན་དུ་བཏང་ནས། གཙོ་གནད་སྡེ་ཁུལ་དང་གཙོ་གནད་ལས་ཁུངས། གཙོ་གནད་ས་གནས། གཙོ་གནད་མི་ཚོགས་སོགས་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱེད་པར་ནན་འཛིན་བྱས་ཏེ། ཐོབ་དཀའ་བའི་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དུ་གཏོང་རྒྱུ་རེད།   །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།