“རྒྱུད་གཅིག་ལམ་གཅིག”གི་ནུས་ཁུངས་གཙང་མའི་འཕེལ་རྒྱས་གླེང་སྟེགས་ཀྱི་གྲ་སྒྲིག་བྱ་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “རྒྱུད་གཅིག་ལམ་གཅིག”གི་ནུས་ཁུངས་གཙང་མའི་འཕེལ་རྒྱས་གླེང་སྟེགས་ཟླ11པའི་ཚེས27ཉིན་ཟི་ལིང་དུ་སྤེལ་བ་དང་། མིག་སྔར་གླེང་སྟེགས་གྲ་སྒྲིག་མཐའ་མའི་འགག་སྒྲོལ་དུས་མཚམས་སུ་སླེབས་པ་དང་བྱ་བ་སོ་སོ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

གླེང་སྟེགས་ཀྱི་སྤྱིའི་ཇུས་གཞི་དང་རྩ་འཛུགས་ཀྱི་ཇུས་གཞི་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་སྐུ་མགྲོན་གདན་ཞུ་དང་བྱེད་སྒོ་གཙོ་བོ་གྲབས་གཉེར་བཟང་པོ་བྱེད་པའི་རྨང་གཞིའི་སྟེང་། ཞབས་ཞུ་འགན་ལེན་གྱི་བྱ་བ་སོ་སོ་ཕྱོགས་ཡོངས་ནས་ལེགས་པར་བསྒྲུབས་ཡོད། མིག་སྔའི་བར་ཚོགས་ར་གཙོ་བོ་དང་ཕྱི་རོལ་གྱི་བཀོད་པ། ཁང་བའི་ནང་གི་འགྲེམས་བྱང་གི་ནང་དོན་སོགས་གཏན་ཕབ་ཇུས་གཞི་ལྟར་བཀོད་སྒྲིག་བྱས་པ་དང་། གྲོས་ཚོགས་ཀྱི་བྱ་བའི་ཕྱོགས་སྟོན་སོགས་གློག་རྡུལ་གྱི་པར་གཞི་བཟོས་ནས་གྲོས་ཚོགས་སུ་ཞུགས་མཁན་གྱི་བརྒྱུད་རིམ་བཟོས་པ་མ་ཟད། སྣེ་ལེན་སྐུ་མགྲོན་གྱི་བྱ་བ་སྤེལ་བ་དང་ལས་འགན་ཁག་བགོས་དོན་འཁྱོལ་ཡང་བྱས་ཡོད་པ་རེད། བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་པར་གཞི་དང་། ནུས་ཁུངས་མུ་འབྲེལ་གཏམ་རྒྱུད་ལེའུ7དང་། སྤྱི་བསྒྲགས་བརྡ་ཁྱབ་ཆ་འཕྲིན་སོགས་འཆར་གཞི་ལྟར་སྟོན་བཞིན་ཡོད་པ་རེད།

གླེང་སྟེགས་སྐབས་སུ་མཚོ་སྔོན་ཞིང་ཆེན་གྱིས་ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ལེགས་པར་བསྒྲུབ་རྒྱུ་ཡིན་པ་དང་། མིག་སྔར་གླེང་སྟེགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་ཇུས་གཞི་དང་འཕྲལ་བསྟུན་སྔོན་ཇུས་བཟོས་ཟིན་ལ། རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་དང་། གླེང་སྟེགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་མགོ་ཁྲིད་ཚན་ཆུང་འཛུགས་པ། ཉིན་རེའི་ཐོ་འགོད་ལམ་ལུགས་འཛུགས་པ། སྐུ་མགྲོན་གྱི་ཆ་འཕྲིན་གྲལ་བཤེར་བྱ་བ་སྔ་སྣུར་དུ་སྤེལ་བ། བཀག་སྡོམ་རྣམ་པའི་དོ་དམ་ལག་བསྟར་བཅས་བྱས་ཏེ། འབྱོར་བ་དང་བགྲོད་ལམ། འབབ་ཚུགས་ནས་ཕྱིར་འབུད་པ། རླངས་འཁོར་དུ་འདུག་པ་དང་མགྲོན་ཁང་དུ་འདུག་པ་བཅས་ཀྱི་བཀག་སྡོམ་རྣམ་པའི་སྦྲེལ་ཐག་ཆགས་པར་བྱ་རྒྱུ་ཡིན་པ་མ་ཟད། ཚོགས་རའི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་དང་། ལས་དོན་མི་སྣར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལག་ལེན་གསོ་སྦྱོང་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་རྫས་གྲབས་གསོག་བྱས་ནས། གླེང་སྟེགས་སྐབས་ཀྱི་དགོས་མཁོ་འདང་ངེས་ལ་འགན་ལེན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།