ཟི་ལིང་གྲོང་ཁྱེར་གྱི་མཁར་གྲོང་དུ་ལས་ཞུགས་མི་སྣ31574གསར་སྣོན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས24ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་ལས་ཞུགས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ1པོ་ནས་ཟླ10བའི་བར། ཟི་ལིང་གྲོང་ཁྱེར་གྱི་མཁར་གྲོང་དུ་ལས་ཞུགས་མི་སྣ31574གསར་སྣོན་བྱས་ཤིང་། ལས་ཞུགས་ལ་སྐུལ་འདེད་གཏོང་བའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱུང་།

ཟླ11པའི་ཚེས23ཉིན། 2021ལོའི་གྲོང་ཁྱེར་ཡོངས་ཀྱི་ལས་ཞུགས་གནས་བབ་དབྱེ་ཞིབ་ཚོགས་འདུ་བསྡུས། ཚོགས་ཐོག་ནས་ད་ལོའི་རིང་རིམས་ནད་ཀྱི་ཤུགས་རྐྱེན་དང་རྙོག་འཛིང་ཆེ་བའི་ལས་ཞུགས་གནས་བབ་ལ་གདོང་གཏད་དེ། རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱིས“ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པའི”ལག་ལེན་བྱ་འགུལ་གྱི་གོ་སྐབས་དང་བསྟུན་ནས། ལས་ཞུགས་ལས་སྐྲུན་བྱ་བར་སྐུལ་འདེད་བཏང་ནས། སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་བྱེད་པར་འབད་བརྩོན་བྱས་ཡོད་པས། ལས་ཞུགས་གནས་བབ་ཕལ་ཆེར་བརྟན་བརླིང་ཡིན། ཟླ10བའི་ཟླ་མཇུག་བར་དུ། གྲོང་ཁྱེར་ཡོངས་ཀྱི་མཁར་གྲོང་དུ་ལས་ཞུགས་མི་སྣ31574གསར་སྣོན་བྱས་ཤིང་། རིགས་སོ་སོའི་ལས་ཤོར་མི་སྣ26555ལས་ཞུགས་བྱས་ལ། ལས་ཞུགས་དཀའ་ངལ་ཡོད་པའི་མི4030ལས་ཞུགས་ཐུབ་པ་བྱུང་། མཁར་གྲོང་གི་ལས་ཤོར་ཐོ་འགོད་བྱེད་ཚད1.70%ཟིན། གྲོང་ཁྱེར་ཡོངས་ཀྱི་ཞིང་སྡེའི་ངལ་རྩོལ་བ་ལས་ཞུགས་སྤོ་སྒྱུར་བྱེད་ཚད་མི་ཐེངས་ཁྲི38.56ལ་སླེབས་པ་དང་། ཞིང་སྡེའི་ངལ་རྩོལ་བའི་ངལ་ལས་ཡོང་སྒོ་སྒོར་དུང་ཕྱུར23.2སྤོ་སྒྱུར་བྱས། ལོ་དེའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དངོས་མིང་གིས་ཐོ་འགོད་བྱེད་ཚད100%ལ་སླེབས་པ་དང་། སློབ་གྲྭ་དང་ཁ་བྲལ་ནས་ལས་ཞུགས་བྱས་པའི་མཐར་ཕྱིན་སློབ་མ་ཐོ་འགོད་བྱེད་ཚད87.69%ལ་སླེབས་ཡོད་ཅིང་། དམིགས་འབེན་ལས་འགན་གཙོ་བོའི་འཕེལ་རིམ་བདེ་བླག་ཡིན་པར་བསྟན།

རྗེས་མར་ཟི་ལིང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་མ་ལག་གིས་མུ་མཐུད་དུ་ལས་ཞུགས་དམིགས་བསལ་དུ་འཛིན་པའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། གནད་དོན་དང་མི་འདང་སར་དམིགས་ནས། བྱ་བའི་བྱེད་ཐབས་ལ་ཤུགས་སྣོན་རྒྱུ་དང་། རིགས་སོ་སོའི་ལས་ཞུགས་དམིགས་བསལ་སྲིད་ཇུས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད། དེ་མིན་ཁེ་ལས་གཙོ་བོ་དག་གི་ལས་མི་སྤྱོད་པ་དང་ལས་གནས་བརྟན་བརླིང་དུ་གཏོང་བར་མུ་མཐུད་དུ་རྒྱབ་སྐྱོབ་བྱས་ཏེ། ཚོགས་སྤྱི་གཙོ་བོའི་ལས་ཞུགས་བྱ་བར་དམ་འཛིན་བྱ་རྒྱུ་དང་། བྱེད་ཐབས་མང་པོ་མཉམ་དུ་སྤྱད་པར་བརྟེན་ནས་ལས་སྐྲུན་གྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བར་སྣེ་ཁྲིད་བྱས་ནས། ལས་ཞུགས་གནས་བབ་ཀྱི་དབྱེ་ཞིབ་དང་རྡར་གཅོད་ལ་ཤུགས་སྣོན་རྒྱུ་ཡིན་པ་མ་ཟད། “བརྟན་བརླིང་དྲུག་དང་འགན་སྲུང་དྲུག”གི་བྱ་བའི་བླང་བྱ་ཚད་གཞི་རུ་བཟུང་ནས། བྱ་བའི་མཉམ་མྱུང་ཕྱོགས་བསྡོམས་ཁྱབ་གདལ་དུ་གཏོང་རྒྱུ་དང་། 2022ལོའི་ལས་ཞུགས་ལས་སྐྲུན་བྱ་བ་སྔ་མོ་ནས་ཇུས་འགོད་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།