གསར་དུ་བཟོ་བཅོས་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་མེ་ཟོན་སྲོལ་ཡིག》ཟླ་འདིར་དངོས་སུ་ལག་ལེན་བསྟར་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ11པའི་ཚེས24ཉིན་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་གསལ་ལྟར་ན། གསར་དུ་བཟོ་བཅོས་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་མེ་ཟོན་སྲོལ་ཡིག》(གཤམ་དུ་བསྡུས་མིང་ལ《སྲོལ་ཡིག》ཅེས་བརྗོད་རྒྱུ)དེ་ད་ལོའི་ཟླ་9པའི་ཚེས29ཉིན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་བདུན་པའི་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཟླ10པའི་ཚེས19ཉིན་དངོས་སུ་འགྲེམས་སྤེལ་བྱས་པ་དང་། ཟླ11པའི་ཚེས1ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་རེད། 

ངོ་སྤྲོད་ལྟར་ན།《མཚོ་སྔོན་ཞིང་ཆེན་གྱི་མེ་ཟོན་སྲོལ་ཡིག》དེ2011ལོའི་ཟླ1པོའི་ཚེས1ཉིན་ནས་ལག་བསྟར་བྱས་པ་ནས་བཟུང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་དང་། དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་དང་བདེ་འཇགས་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གི་འགན་ལེན་གལ་ཆེན་བྱས་ཡོད། ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། སྤྱི་ཚོགས་སྟེང་གི་སྲོལ་རྒྱུན་དང་སྲོལ་རྒྱུན་མིན་པའི་མེ་ཟོན་བདེ་འཇགས་ཀྱི་གནད་དོན་མཉམ་འདྲེས་ངང་བྱུང་བས། མེ་ཟོན་བྱ་བའི་ཐད་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཁག་གཅིག་དང་འཕྲད་ཡོད། རྒྱལ་ཁབ་ཀྱི་ངོས་ནས་སྔ་རྗེས་སུ2019ལོ་དང2021ལོར《མེ་ཟོན་བཅའ་ཁྲིམས》ལ་བཟོ་བཅོས་ཆེན་པོ་ཐེངས་གཉིས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སྔོན་མའི《སྲོལ་ཡིག》ནང་གི་དོན་ཚན་ཁག་གཅིག་ནུས་མཐོའི་བཅའ་ཁྲིམས་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅོས་བསྒྱུར་བཀོད་སྒྲིག་དང་ཡོངས་སུ་གཅིག་གྱུར་བྱུང་མེད་པས། ཕྱོགས་མང་པོ་ཞིག་དུས་སྐབས་གསར་པའི་མེ་ཟོན་བྱ་བའི་དུས་བབ་ལས་འགན་གྱི་དགོས་མཁོ་དང་འཚམ་ཐུབ་ཀྱི་མེད། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་དོན་དང《མེ་ཟོན་བཅའ་ཁྲིམས》གསར་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། མེ་ཟོན་རོགས་སྐྱོབ་བྱ་གཞག་གི་འཕེལ་རྒྱས་དུས་བབ་དང་ཧུར་ཐག་གིས་བསྟུན་ཏེ་མེ་ཟོན་ཁྲིམས་སྐྱོང་མ་ལག་སྔར་བས་འཐུས་ཚང་དང་མེ་ཟོན་རོགས་སྐྱོབ་ལས་དོན་ལ་ཤུགས་སྣོན་ཆེད། མཚོ་སྔོན་ཞིང་ཆེན་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ《སྲོལ་ཡིག》ལ་ཕྱོགས་ཡོངས་ནས་བཟོ་བཅོས་བྱས་པ་རེད།

ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་ཐའོ་ལིན་གྱིས་ཞིང་ཆེན་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་བཟོ་བཅོས་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་མེ་ཟོན་སྲོལ་ཡིག》ཕྱོགས་སྟོན་དུ་བཟུང་སྟེ། མེ་ཟོན་ཁྲིམས་སྲོལ་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ནས་མེ་ཟོན་ཁྲིམས་སྐྱོང་གི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ་ཡིན་པར་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།