དབྱང་ཀྲི་ཝུན་གྱིས་ཞིང་བ་ལས་བཟོ་བའི་གླ་ཕོགས་རྩིས་སྤྲོད་དང་གླ་ཕོགས་འགོར་འགྱངས་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་ཟི་ལིང་གྲོང་ཁྱེར་འཛུགས་སྐྲུན་ལས་གཞི་ཡུལ་དངོས་དང་གཙོ་གནད་དམངས་འཚོའི་ཁྱབ་ཁོངས་སུ་སོང་ནས། གླ་ཕོགས་འགོར་འགྱངས་ལེགས་བཅོས་བྱ་བར་ཡུལ་དངོས་ནས་རྟོག་ཞིབ་མཛུབ་སྟོན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་ལེན་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོན་པོས་ཁྲིམས་བཅད་འགན་འཁྲི་ལག་བསྟར་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་ཞིང་བ་ལས་བཟོ་བའི་གླ་ཕོགས་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན། 

དབྱང་ཀྲི་ཝུན་གྱིས་ནན་གྱིས་བསྟན་དོན། གླ་ཕོགས་འགོར་འགྱངས་རྩ་བཅོས་བྱེད་པ་ནི་རྒྱ་ཆེའི་ཞིང་བ་ལས་བཟོ་བའི་ཁེ་དབང་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ཞིང་། དམངས་འཚོ་ལེགས་བཅོས་འགན་སྲུང་དང་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྐུལ་འདེད་གཏོང་བར་དོན་སྙིང་ཆེན་པོ་ལྡན། ས་ཁུལ་དང་སྡེ་ཁག་སོ་སོས་ཁྱོན་ཡོངས་ནས་《ཞིང་བ་ལས་བཟོ་བའི་གླ་ཕོགས་རྩིས་སྤྲོད་སྲོལ་ཡིག》སོགས་ཁྲིམས་བཅད་གཏན་འཁེལ་དོན་འཁྱོལ་དང་ལས་རིགས་ལྟ་སྐུལ་དོ་དམ་ཤུགས་དྲག་ཏུ་བཏང་ནས། ཁྲིམས་ལུགས་ལག་བསྟར་ཤུགས་ཚད་ཆེ་རུ་གཏོང་བ་དང་། ཆེད་སྤྱོད་བྱ་འགུལ་སྤེལ་ནས་སྟོབས་ཤུགས་ཡོད་རྒུས་ཞིང་བ་ལས་བཟོ་བའི་གླ་ཕོགས་རྩིས་སྤྲོད་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་དགོས། ཁོངས་གཏོགས་དོ་དམ་ཤུགས་དྲག་ཏུ་བཏང་ནས་འགན་འཁྲི་གཟབ་ནན་བྱེད་པ་དང་། རིམ་པ་སོ་སོའི་གླ་ཕོགས་འགོར་འགྱངས་རྩ་བཅོས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་ལས་ཁུངས་ཀྱི་བྱེད་ནུས་འདོན་སྤེལ་དང་། བྱ་བའི་འདུས་ཤུགས་གྲུབ་པར་བྱས་ཏེ། ལོ་མཇུག་སྔོན་ལ་ཞིང་བ་ལས་བཟོ་བའི་གླ་ཕོགས་ཡོངས་སུ་རྩིས་སྤྲོད་བྱེད་པར་ཁག་ཐེག་བྱེད་དགོས། གནད་འགག་གི་གོ་རིམ་ལ་དམིགས་པ་དང་།དགུན་དུས་འབྱུང་སླ་བའི་ཁ་ཕྱོགས་ལ་དམིགས་ནས། ལན་སློག་གནད་དོན་ལ་གཞིགས་ནས་ཁྱོན་ཡོངས་ནས་ཉེན་ཁ་རྩད་ཞིབ་དང་། དངོས་གཉེར་ལེགས་བཅོས་ལ་སྐུལ་འདེད་བཏང་ནས། སྟོབས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་རྒྱུན་མཐུད་འཆམ་མཐུན་དང་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས་ཞེས་བསྟན།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།