2021ལོའི“རྒྱུད་གཅིག་ལམ་གཅིག”གི་ནུས་ཁུངས་གཙང་མའི་འཕེལ་རྒྱས་ཀྱི་གླེང་སྟེགས་ཟླ11པའི་ཚེས27ཉིན་ཟི་ལིང་དུ་འཚོག་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནུས་ཁུངས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་ཤུགས་ལྡན་པའི་ནུས་ཁུངས་སྤེལ་རེས་ལས་སྟེགས་བཏོད་ཆེད། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་འཛུགས་པ་བརྗོད་དོན་གཙོ་བོར་བྱས་པའི2021ལོའི“རྒྱུད་གཅིག་ལམ་གཅིག”གི་ནུས་ཁུངས་གཙང་མའི་འཕེལ་རྒྱས་གླེང་སྟེགས་ཟླ11པའི་ཚེས27ཉིན་ཟི་ལིང་དུ་འཚོག་རྒྱུ་རེད།

གླེང་སྟེགས་སྟེང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་མཐའ་འཁྱོངས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་གྱི་འཐུས་མི་ཚོགས་པའི་མཚོ་སྔོན་ལ་གྲོས་ཞིབ་དང་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། “ཐཱན་རྩེར་སོན། ཐཱན་སྙོམ་སྦྱོར”གྱི་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་འདེད་བྱེད་པ་གོ་སྐབས་སུ་བཟུང་ནས། ཞིང་ཆེན་དང་པུའུ་ཡིས་མཉམ་དུ་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་སྣེ་ཁྲིད་དུ་བྱེད་པ་དང་། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པ་དམིགས་ཡུལ་དུ་བཟུང་སྟེ། གསར་འབྱེད་དང་གསར་གཏོད། དངོས་གཉེར། ལས་ཆོད་ཆེ་བ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་དང་། ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བ། ལས་ཆོད་ཆེ་བ་བཅས་ཀྱི་སྒོ་ནས་གྲོས་ཚོགས་འཚོག་ནས། རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཐེབས་ཤུགས་དང་། ལས་རིགས་ཀྱི་ཁྲིད་སྟོན་རང་བཞིན། སྤུས་རྟགས་མཚན་སྙན་བཅས་ལྡན་པའི་སྤེལ་རེས་མཉམ་ལས་ཀྱི་ལས་སྟེགས་གཏོད་རྒྱུ་རེད།

གླེང་སྟེགས་ཀྱི་བྱེད་སྒོ་གཙོ་བོའི་ནང་གླེང་སྟེགས་ཀྱི་མགོ་རྩོམ་མཛད་སྒོ་དང་བརྗོད་དོན་གཙོ་བོའི་གླེང་སྟེགས། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི《གླེང་མོལ》ལེ་ཚན། ཁུ་ནུའི་དཔྱད་གླེང་། ཐཱན་མེད་པའི་ཐོན་ལས་གླིང་བཅས་ཀྱི་འཐབ་ཇུས་མཉམ་ལས་ལ་མིང་རྟགས་འགོད་པའི་མཛད་སྒོ་བཅས་ཚུད་ཡོད། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི《གླེང་མོལ》གྱི་ལེ་ཚན་དང་ཁུ་ནུའི་དཔྱད་གླེང་བྱེད་སྒོ་སྤེལ་ནས་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་ཀྱི་ཇུས་གཞི་དང་ཟུང་འབྲེལ་གྱིས་མཚོ་སྔོན་ལ་གཞི་འཛུགས་པ་དང་། ནུབ་བྱང་ལ་ཕྱོགས་པ། རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་འཐབ་ཇུས་ཀྱི་ངེས་གནས་ལ་དམིགས་ཏེ། ནུས་ཁུངས་ཀྱི་ཁྱབ་ཁོངས་ཀྱི་གློག་ཁུངས་དང་གློག་དྲ། ཐོན་ལས་འཁོར་སྦྲེལ། གསོག་ནུས་སོགས་ལས་རིགས་ནང་གི་ཚབ་བྱེད་མི་སྣ་རྩ་འཛུགས་བྱས་ནས། ཞིབ་འཇུག་དང་གྲོས་བསྡུར་གཏིང་ཟབ་བྱས་ཏེ་ཟུར་མང་པོ་དང་རིམ་པ་མང་པོ་ནས་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་འཛུགས་པའི་རྒྱབ་ལྗོངས་ཀྱི་རིན་ཐང་དང་དོན་སྙིང་མངོན་པར་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།