མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཟླ་གཉིས་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཟླ་གཉིས་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། “མི་གྲངས་སྒྲིག་གཞི་དང་བུ་སྐྱེས་སྲིད་ཇུས་ཇེ་ལེགས་སུ་བཏང་ནས། རང་ཞིང་གི་མི་གྲངས་དུས་ཡུན་རིང་བོར་དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”དང་དམ་དུ་འབྲེལ་ནས་གྲོས་མོལ་སྲིད་གླེང་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅའེ། ཀྲང་ཝུན་ཁུའེ་གྲོས་ཚོགས་སུ་ཞུགས།

ཀྲང་ཝུན་ཁུའེ་ཡིས་རྟོག་ཞིབ་གནས་ཚུལ་ལ་སྙན་ཞུ་ཕུལ་བ་དང་། ཨུ་ཡོན5ཡིས་གཏམ་བཤད་ཅིང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་སྤྱི་བདེ་ཐིང་། ཞིང་ཆེན་དམངས་སྲིད་ཐིང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བློ་མཐུན་དང་ཨུ་ཡོན་བཅས་ཀྱིས་བསམ་བློ་བརྗེ་རེས་བྱས།

ཁོང་ཡུང་གིས་གྲོས་མོལ་བྱ་བ་དང་ཨུ་ཡོན་ལྷན་ཁང་གི་གཏམ་བཤད་ལ་ཁས་ལེན་གང་ལེགས་གནང་བ་དང་། ཁྱོན་ཡོངས་ནས་རང་ཞིང་གི་མི་གྲངས་སྒྲིག་གཞི་དང་བུ་སྐྱེས་སྲིད་ཇུས་བྱ་བའི་གནས་ཚུལ། དེ་མིན་རྗེས་ཕྱོགས་ཀྱི་བསམ་ཕྱོགས་བྱེད་ཐབས་བཅས་མཚམས་སྦྱོར་བྱས། ཁོས་སྔར་ལས་ལྷག་པའི་སྒོ་ནས་བུ་སྐྱེས་སྲིད་ཇུས་དོན་འཁྱོལ་དམ་འཛིན་དང་། ཆ་སྡེབ་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ། བུ་སྐྱེས་གསོ་སྐྱོང་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་བཏང་ནས། འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། རང་ཞིང་གི་མི་གྲངས་དུས་ཡུན་རིང་བོར་དོ་མཉམ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། ཐེངས་འདིའི་གྲོས་མོལ་གྱི་གླེང་གཞི་གནད་དུ་ཁེལ་ཞིང་། རྟོག་ཞིབ་གཟབ་ནན་ཡིན་ལ། གྲོས་མོལ་ཕུན་སུམ་ཚོགས་པ་དང་། བསམ་འཆར་ལ་དམིགས་གཏད་རང་བཞིན་ལྡན། ཁོས་མི་གྲངས་གནད་དོན་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་ཅིང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་དང་འབྲེལ་བ་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་གྲངས་བྱ་བའི་སྐོར་གྱི་གཞུང་ལུགས་ཞིབ་བརྗོད་གལ་ཆེན་ལ་གོ་བ་ཟབ་མོ་བླངས་ཏེ། ཏན་ཏིག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་གྲངས་བྱ་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དང་། རང་ཞིང་གིས་མི་འགྱངས་པར་འདོན་རྒྱུ་ཡིན་པའི་འབྲེལ་ཡོད་ཡིག་ཆ་ཁག་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། ནན་ཏན་གྱིས་བུ་ཕྲུག་གསུམ་སྐྱེས་ཆོག་པའི་སྲིད་ཇུས་དང་དབུལ་སྐྱོར་སྲིད་ཇུས་ལག་བསྟར་བཟང་བོ་བྱས་ཏེ། རང་ཞིང་གི་མི་གྲངས་དུས་ཡུན་རིང་བོར་དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་རྨང་གཞི་ལེགས་པོ་ཞིག་འདིང་དགོས་ཞེས་ནན་གྱིས་བསྟན་པ་དང་། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་ཏན་ཏིག་གིས་གྲོས་མོལ་གྱི་གྲུབ་འབྲས་བསྒྱུར་བཅོས་ཀྱི་དངོས་འབེབས་བྱ་བ་ལེགས་པོར་སྒྲུབ་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ཀྱིས་རང་ཞིང་གི་མི་གྲངས་འཕེལ་རྒྱས་ཀྱི་དཀའ་གནད་གནད་དོན་ལ་རྟོག་ཞིབ་ཞིབ་འཇུག་དང་། རང་འགུལ་སྒོས་ཐབས་འདོན་ཇུས་འབུལ་བྱས་ཏེ། མཚོ་སྔོན་དེང་རབས་ཅན་འཛུགས་སྐྲུན་མངོན་འགྱུར་བྱེད་པར་མི་གྲངས་ཀྱི་ཁོར་ཡུག་ལེགས་པོ་ཞིག་འཛུགས་སྐྲུན་བྱེད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།