མཚོ་སྔོན་ཞིང་ཆེན་ཏང་ཨུའི་བདེ་འཇགས་གཞུང་ལས་ཁང་གི་ཀྲུའུ་རིན་དང་ཆེད་དོན་ཚན་ཆུང་གི་བྱ་བའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་བདེ་འཇགས་གཞུང་ལས་ཁང་གི་ཀྲུའུ་རེན་དང་ཆེད་དོན་ཚན་ཆུང་གི་བྱ་བའི་གྲོས་ཚོགས་བསྡུས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་སྐོར་གྱི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། དུས་མཚམས་སྔོན་མའི་བྱ་བར་ཕྱོགས་སྡོམ་དང་གོམ་སྟབས་རྗེས་མའི་གཙོ་གནད་ལས་འགན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་གཞོན་པ་ལི་ཧུང་ཡ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད་གནང་།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་འཛུགས་སྐྲུན་སྐོར་གྱི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ། “སྲུང་སྐྱོང་གཉིས”ཀྱི་ཆེས་ཐད་ཀར་དང་། གལ་ཆེ་ཤོས། ཆེས་ཞིབ་ཕྲ་བཅས་ཀྱི་ཞིབ་བཤེར་ཞིག་ཏུ་བརྩིས་ནས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་གསར་འབྱེད་ཡར་བརྩོན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་དང་། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་འཇགས་ཡོང་བར་འགན་ལེན། སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྐུལ་འདེད་གཏོང་བ། མི་དམངས་བདེ་སྡོད་ལས་བརྩོན་ལ་འགན་ལེན་བྱེད་པ་བཅས་ཀྱི་ཐད་གྲུབ་འབྲས་དངོས་ཐོབ་པ་དང་ཕན་འབྲས་དངོས་ཐོན་ཐུབ་པ་བྱེད་དགོས། ཞིང་ཆེན་ཏང་ཨུའི་བདེ་འཇགས་གཞུང་ལས་ཁང་དང་དེ་བཞིན་ཆེད་དོན་ཚན་ཆུང་ཁག་གིས་ཆུ་ཚད་སྔར་ལས་ལྷག་པའི་སྒོ་ནས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་པ་དང་། ཉེན་ཁ་དང་འགྲན་སློང་གསར་པར་དམིགས་པ། བསམ་ཕྱོགས་དང་བྱེད་ཐབས་ཞིབ་འཇུག་ཇེ་ཟབ་ཏུ་གཏོང་བ། ཇུས་འདོན་ལག་རོགས་དང་། འབྲེལ་གཏུག་མཐུན་སྦྱོར། ལྟ་སྐུལ་སྐུལ་འདེད་བཅས་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ། འགན་འཁྲི་སྔར་བས་དོན་འཁྱོལ་དང་། མཉམ་ཤུགས་གཅིག་སྒྲིལ། ལས་འགན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལ་ཕན་འབྲས་སྔར་བས་ཆེ་བ་ཐོན་པར་འགན་ལེན་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་སྟེང་ལོ་མཇུག་ཏུ་སླེབས་ལ་ཉེ་བའི་སྐབས་སུ་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་བྱ་བའི་ལས་འགན་སྔར་ལས་དཀའ་ཚེགས་ཆེ་ལ་འགན་འཁུར་ལྕི་བས། ལོ་མགོར་གཏན་ཁེལ་བྱས་པའི་བྱ་བའི་དམིགས་ཚད་ལྟར“གྲངས་བཤེར་བྱེད་པ”དང“རྩིས་བཤེར”ལས་དོན་ནན་ཏན་ངང་སྤེལ་ནས། ལོ་ཧྲིལ་པོའི་ལས་འགན་བདེ་བླག་ངང་མཇུག་བསྒྲིལ་བར་འགན་ལེན་བྱེད་དགོས། སེམས་ཁྲལ་གྱི་འདུ་ཤེས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་མཐའ་ཚད་ཀྱི་བསམ་བློ་ཤུགས་ཆེར་བཏང་ནས་འབྱུང་རྩ་ནས་ཉེན་ཁ་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱེད་པ་དང་། འགལ་བ་དང་རྩོད་གཞི་སྣ་ཚོགས་ཐག་གཅོད་འོས་འཚམ་བྱེད་པ། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་བའི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ངང་བདེ་འཇགས་དང་བརྟན་བརླིང་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།