གཅན་གཟན་གཡི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་མངོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་གནས་པའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་ཆུ་མགོའི་གླིང་ཁུལ་དུ། ས་གནས་དེ་གའི་སྐྱེ་ཁམས་བདག་སྐྱོང་པས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་གཡི་ཡི་གཟུགས་བརྙན་པར་དུ་བླངས་ཡོད།

བརྙན་ལམ་ནང་གཡི་དེ་ཕར་བལྟས་ཚོད་ཀྱིས་རང་དང་ཐག་ཉེ་བའི་མིའི་རིགས་ལ་སྐྲག་གི་མེད་ཅིང་། པར་རྒྱག་མཁན་དང་ཁ་གཏད་དུ་ཅུང་ཙམ་བསྡད་རྗེས། ཁ་ཕྱིར་འཁོར་ནས་ཐག་རིང་ལ་བྲོས་སོང་། གཡི་ཡི་ཕྱི་དབྱིབས་ཞི་ལ་དང་འདྲ་མོད། འོན་ཀྱང་ཞི་ལའི་གཟུགས་དབྱིབས་ལས་ཧ་ཅང་ཆེ། འབྲིང་བའི་གཅན་གཟན་གྱི་ཁོངས་སུ་གཏོགས་པ་དང་། ཀེར་རེར་ལངས་པའི་རྣ་རྩེ་གཉིས་ལ་སྤུ་མདོག་ནག་པོ་རིང་པོ་སྐྱེས་ཡོད་ཅིང་། དེ་ནི་རིགས་ཁྱུ་དང་བྲལ་ནས་ཁེར་རྐྱང་དུ་འཚོ་སྡོད་བྱེད་དགའ་པའི་རི་སྐྱེས་སྲོག་ཆགས་ཤིག་ཡིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་ཆུ་མགོའི་གླིང་ཁུལ་གྱི་ས་ཆ་ཚང་མར་ཁྱབ་ཡོད་པ་དང་། དེ་སྔོན་གཡི་ཡི་གཟུགས་བརྙན་ཚང་མ་དམར་ཕྱིའི་འོད་ཀྱི་པར་ཆས་ཀྱིས་བླངས་པ་རེད། ཐེངས་འདིར་སྐྱེ་ཁམས་བདག་སྐྱོང་བས་ཆེས་ཐོག་མར་ཁ་པར་ཀྱིས་བརྙན་བླངས་པ་ཞིག་རེད། གཞན་ཡང་ཉེ་བའི་ལོ་ཤས་རིང་། ས་གནས་དེ་གར་ད་དུང་གསའ་དང་དྲེད་མོང་། ཤྭ་བ་མཆུ་དཀར་སོགས་རྩ་ཆེའི་སྲོག་ཆགས་མང་པོ་ཟིན་ཐོར་བཀོད་ཡོད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།