མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་གིས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱིས་དྲོད་འཇམ་ངང་དགུན་བསྐྱལ་འགན་ལེན་བྱེད་པར་སྔ་མོ་ནས་བཀོད་སྒྲིག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས19ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་དུ་རང་བྱུང་གནོད་འཚེ་བྱུང་མང་བས། སྔ་གཞུག་ཏུ་ས་ཡོམ་དང་གངས་སྐྱོན། ཞོད་སྐྱོན། འདམ་རྡོའི་ཆུ་ལོག རི་ཉིལ་བ་སོགས་ཀྱི་རང་བྱུང་གནོད་འཚེ300ལྷག་བྱུང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས། ལོ་མཇུག་ཏུ་སླེབས་སྐབས་དགུན་དཔྱིད་གཉིས་ཀྱི་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱིས་བདེ་འཇགས་དང་དྲོད་འཇམ་ངང་དགུན་བསྐྱལ་ཐུབ་པར་འགན་ལེན་བྱ་ཆེད། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་གིས་སྔོན་ལ་འཆར་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་རྒུད་སྐྱོབ་འགན་ལེན་ལས་དོན་ཁག་ལ་ནན་ཏན་གྱིས་སྐུལ་འདེད་བཏང་།

ཤེས་རྟོགས་བྱུང་བ་ལྟར་ན། ཞིང་ཆེན་འཕྲལ་བསྟུན་ཐིང་དང་ཞིང་ཆེན་གྱིས་ཞིང་ཆེན་ནོར་སྲིད་ཐིང་དང་མཉམ་དུ《2021ལོ་ནས2022ལོའི་བར་གྱི་ཞིང་ཆེན་ཡོངས་ཀྱི་དགུན་དཔྱིད་གཉིས་ཀྱི་རོགས་སྐྱོབ་ལས་དོན་རྩ་འཛུགས་བྱེད་པའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། དགུན་དཔྱིད་གཉིས་ཀྱི་རོགས་སྐྱོབ་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། ས་གནས་སོ་སོའི་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ་དང་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན། བརྟག་དཔྱད་དཔྱད་དཔོག་དང་རོགས་སྐྱོབ་ཀྱི་དགོས་མཁོ་མཐིལ་རྟོགས། གཙོ་གཞིའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་དངུལ་དང་དངོས་པོ་གྲབས་གསོག་ཧུར་ཐག་བྱེད་པ། མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་མང་ཚོགས་ཀྱི་ཟ་མ་དང་གྱོན་གོས། དྲོད་ཁོལ་སོགས་ཀྱི་ཐད་གནས་པའི་གནད་དོན་ཐག་གཅོད་བྱས། ཞིང་ཆེན་ཡོངས་ཀྱི་གནོད་སྐྱོན་གནས་ཚུལ་ཞིབ་བཤེར་གཏན་འཁེལ་ནན་ཏན་བྱས་པ་དང་རོགས་སྐྱོབ་མི་གྲངས་དང་དུས་མཚམས། མ་དངུལ། དངོས་ཟོག་བཅས་ཀྱི་དགོས་མཁོར་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱས་པའི་རྨང་གཞིའི་སྟེང་། ཞིང་ཆེན་ནོར་སྲིད་ཐིང་དང་མཉམ་དུ་འཕྲལ་བསྟུན་དོ་དམ་པུའུ་དང་ནོར་སྲིད་པུའུ་ལ་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ནས་དགུན་དཔྱིད་ཀྱི་རོགས་སྐྱོབ་ལས་དོན་བདེ་བླག་ངང་སྤེལ་བར་འགན་ལེན་བྱས།

དེ་དང་ཆབས་ཅིག་གནམ་གཤིས་སྡེ་ཁག་གི་སྔོན་དཔག་ལྟར་ན། ད་ལོའི་དགུན་ཁར་མཚོ་སྔོན་ཞིང་ཆེན་གྱི་མཁའ་རླུང་གྲང་མོར་ཤུགས་རྐྱེན་ཐེབས་པའི་བརྒྱུད་རིམ་མང་ཙམ་ཡོད་པ་མ་ཟད་ཤུགས་རྐྱེན་ཀྱང་ཆེ་ཙམ་ཡོད་པས་དྲོད་ཚད་ཧ་ཅང་དམའ་བའི་གནས་ཚུལ་འབྱུང་སྲིད་རེད། གཙོ་གནད་འབུར་ཐོན་དང་སྔོན་ལ་འགན་ལེན་བྱེད་པའི་རྩ་དོན་གཞིར་བཟུང་། ཞིང་ཆེན་འཕྲལ་བསྟུན་ཐིང་གིས་འཕྲལ་མར་འཕྲལ་བསྟུན་དོ་དམ་པུའུ་ནས་སྔ་མོ་ནས་སྲིང་བལ་གྱི་ལྭ་རིང1500དང་སྲིང་བལ་གྱི་ཉལ་ཆས1500བླངས་ནས། ད་ལོར་གནོད་སྐྱོན་བྱུང་བའི་གནས་ཚུལ་ཅུང་ཚབས་ཆེ་བའི་མགོ་ལོག་ཁུལ་ལ་སྤྲད། མིག་སྔའི་བར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ད་ཐེངས་མཁོ་སྤྲོད་བྱས་པའི་ཀྲུང་དབྱང་གི་རྒུད་སྐྱོབ་དངོས་ཟོག་རིམ་པ་དེ་གའི་རྩ་འཛུགས་ཀྱིས་གྲབས་གསོག་བྱས་པའི་གྲང་འགོག་དངོས་ཟོག11686དང་། འབྲས་དང་གྲོ་སྣུམ་སྤྱི་རྒྱ་ཁྲི19.65ཚང་མ་རྫོང6དང་ཤང44ཡི་གྲོང་ཚོ188ཡི་གནོད་འཚེ་ཕོག་པའི་མང་ཚོགས་རྣམས་ལ་སྤྲད།

རྗེས་མར་ཞིང་ཆེན་འཕྲལ་བསྟུན་ཐིང་གིས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རོགས་སྐྱོབ་དགོས་མཁོར་མུ་མཐུད་དོ་ཁུར་བྱས་ཏེ་ལྟ་སྐུལ་མཛུབ་ཁྲིད་དང་སྡེ་ཁག་མཐུན་སྦྱོར། ལམ་ལུགས་སྦྲེལ་མཐུད་བཅས་ལ་ཤུགས་སྣོན་བརྒྱབ་ནས། དགུན་དཔྱིད་རོགས་སྐྱོབ་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏིང་ཟབ་བཏང་ཐོག རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་གནོད་འཚེ་ཐེབས་པའི་མང་ཚོགས་ལ་དུས་ཐོག་ཏུ་མཚོན་པར་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།