མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གྲོས་ཚོགས་འཚོགས། ​

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་སྐབས་བཅུ་གསུམ་པའི་ཀྲུའུ་རེན་གྲོས་ཚོགས་ཐེངས་གྱ་བཞི་པ་ཟི་ལིང་དུ་འཚོགས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རོང་གིས་མགོ་འཛིན་མཛད། རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་མཱ་ཝེ་དང་། ཉི་མ་སྒྲོལ་མ། ཉིའོ་ཁྲེན་ཡུན། ཝུའུ་ཧེ་ཁུང་། ལིའུ་ཐུང་ཏི་བཅས་དང་། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་བཅས་ཚོགས་འདུར་ཕེབས། གྲོས་ཚོགས་ཐོག་གཞུང་ལས་ཐིང་དང་ཞིང་ཆེན་དམངས་ཆེན་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཚོགས་དང། རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་གིས་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་བརྒྱད་པར་གྲོས་ཞིབ་ཏུ་སྤྲོད་རྒྱུའི་གྲོས་གཞི་སྐོར་གྱི་སྙན་ཞུ་བཅས་མཉན། 

གྲོས་ཚོགས་ཐོག་མཚོ་སྔོན་ཞིང་ཆེན་འཁོར་རྒྱུག་དཔལ་འབྱོར་སྐུལ་འདེད་སྲོལ་ཡིག(འཆར་ཟིན)དང་། མཚོ་སྔོན་ཞིང་ཆེན་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་སྲོལ་ཡིག(འཆར་ཟིན) མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག(ཞུས་ཆུང་འཆར་ཟིན) མཚོ་སྔོན་ཞིང་ཆེན་སྨན་རྫས་སྲོལ་ཡིག(འཆར་ཟིན) མཚོ་སྔོན་ཞིང་ཆེན་མི་གྲངས་དང་འཆར་ལྡན་བུ་སྐྱེས་སྲོལ་ཡིག(དག་བཅོས་འཆར་ཟིན) ཏཱ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་སྲོལ་ཡིག(དག་བཅོས) མུན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་གི་སྲོལ་ཡིག(དག་བཅོས)སོགས་སྒྲིག་ཁྲིམས་སྲོལ་ཡིག་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ལ་གྲོས་ཞིབ་དཔྱད་ཞིབ་ཏུ་སྤྲོད་རྒྱུར་གྲོས་འཆམ་བྱུང་། 

གྲོས་ཚོགས་ཐོག མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པ་འཚོག་རྒྱུའི་སྐོར་གྱི་གཏན་འབེབས(འཆར་ཟིན)དང་། མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་མི་དམངས་ཞིབ་དཔྱོད་ཁང་འཛུགས་པའི་གྲོས་གཞི་སྐོར་གྱི་སྙན་ཞུ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག(ཚོད་ལྟ)ལག་བསྟར་དོན་འཁྱོལ་གནས་ཚུལ་ལ་རྟོག་ཞིབ་བྱས་པའི་སྐོར་གྱི་སྙན་ཞུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དགེ་སྒྲུབ་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་ལ་རྟོག་ཞིབ་བྱས་པའི་སྐོར་གྱི་སྙན་ཞུ། 2020ལོའི་མཚོ་སྔོན་ཞིང་ཆེན་རྒྱལ་གཉེར་ཐོན་ཁུངས་དོ་དམ་གནས་ཚུལ་ཕྱོགས་བསྡུས་སྙན་ཞུ་དང་རྒྱལ་གཉེར་རང་བྱུང་ཐོན་ཁུངས(མ་རྩ)དོ་དམ་གནས་ཚུལ་སྐོར་གྱི་སྙན་ཞུ། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་མ་ལག་འཛུགས་སྐྲུན་གནས་ཚུལ་སྐོར་གྱི་སྙན་ཞུ། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་འཐུས་མིའི་བསམ་འཆར་ལས་སྐུལ་གནས་ཚུལ་སྐོར་གྱི་སྙན་ཞུ། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་འཐུས་མིའི་བསམ་འཆར་ལས་སྒྲུབ་གནས་ཚུལ་སྐོར་གྱི་སྙན་ཞུ། འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་ལ་ཞིབ་དཔྱད་དང་མི་དོན་བསྐོ་འཇོག་སྐོར་གྱི་གྲོས་གཞི་བཅས་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་བརྒྱད་པར་གྲོས་ཞིབ་ཏུ་སྤྲོད་རྒྱུར་གྲོས་འཆམ་བྱུང་། 

གྲོས་ཚོགས་ཐོག རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པའི་སྟེང་ཀྲུང་དབྱང་དམངས་ཆེན་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱ་རྒྱུར་གཏན་འབེབས་བྱས་ཤིང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ཉེར་བརྒྱད་པའི་གྲོས་རིམ(འཆར་ཟིན)ལ་གྲོས་འཆམ་བྱུང་། ཞིང་ཆེན་མི་དམངས་སྲིད་གཞུང་གི2021ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་གཙོ་བོ་ལེགས་སྒྱུར་སྙོམས་སྒྲིག་སྐོར་གྱི་སྙན་ཞུ་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཀྱི་གྲོས་གཞིའི་གྲས་སུ་འཇོག་པ་དང་། ཞིང་ཆེན་ཏང་ཨུ་ལ་ཡར་འབུལ་ཞུ་རྒྱུར་གྲོས་འཆམ་བྱུང་། ཞིང་ཆེན་དམངས་ཆེན་གྱི་འཐུས་མི་དང་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་གཏོགས་མི་སྣའི་འགན་སྒྲུབ་གནས་ཚུལ་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་སྟེང་དཔར་འགྲེམ་བྱ་རྒྱུར་གྲོས་འཆམ་བྱུང་། 

གྲོས་ཚོགས་ཐོག ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་གནས་སྙོམས་སྒྲིག་ཁ་གསབ་བྱེད་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཁྲིམས་འཛུགས་རིག་མཛོད་རྒྱ་སྐྱེད་འཐུས་ཚང་དུ་གཏོང་བ། 《མཚོ་སྔོན་ཞིང་ཆེན་རྒྱལ་ཁོངས་བར་སྟོང་ཇུས་འགོད(2021ལོ་ནས2035ལོའི་བར)》བཟོ་སྒྲིག་ལ་ལེགས་སྒྲིག་གྲོས་ཞིབ་བྱེད་པ་སོགས་ཀྱི་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།