ཏང་གི་གསུང་སྐད་ཀྱིས་དམངས་སེམས་ལ་དྲོད་ཁོལ་བསྩལ་བ།

སྤང་ཐང་གི་ངོས་མི་སྙོམས་ཤིང་ས་རྒྱ་ཆེ་ལ་མི་གྲངས་ཉུང་། མཐོ་སྒང་དུ་གྲང་ངར་ཆེ་ལ་དྲག་རླུང་གི་རྔམ་ཁ་རྒོད་ཅིང་རྩུབ་སྟེ། སྟོན་དུས་ཀྱི་ཞོལ་མ་རྩྭ་ཐང་ལ་གྲང་ངར་འུར་འུར་དུ་ལྡང་།

པད་མ་རྒྱལ་ལ་དྲོས་ཇ་ཞིམ་པོ་ཞིག་ཀྱང་འཐུང་ཁོམ་མེད་པར། རུ་གྲོགས་ཚོར་དངོས་པོ་བསྡུ་གསོག་བྱེད་པར་སྐུལ་བ་དང་། ཡང་ཁྱིམ་ཚང་གཞན་ཞིག་ལ་སོང་ནས་ཏང་གི་སྲིད་ཇུས་བཟང་པོ་སྒྲོག་བཤད་བྱེད་པར་གྲ་སྒྲིག་བྱས།

ཆ་སྙོམས་མཚོ་ངོས་མཐོ་ཚད་ལ་སྨི3800ཡོད་པའི་ཞོལ་མ་ཞང་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་ཁུལ་དུ་གཏོགས་པ་དང་། མངའ་ཁུལ་དུ་བསྡོམས་པས་འབྲོག་ཁྱིམ2765ཡོད། རི་མཐོ་ལ་ལུང་པ་ཟབ་པ་དང་། ཆ་འཕྲིན་མི་ཐོན་པའི་གནས་ཤིག་རེད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་འགུལ་ཚ་ཚ་འུར་འུར་གྱིས་སྤེལ་བའི་སྐབས་དེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་ཞོལ་མ་ཞང་གིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་ལ་ཟུང་འབྲེལ་བྱས་ཏེ། ཡོངས་ཁྱབ་དང་སྟབས་བདེ། སྤྱོད་གོ་ཆོད་པ་སྟེ། རོང་འབྲོག་པས“རྟ་མཆོག”གི་ཚབ་ཏུ་བཞག་པའི་འཕྲུལ་རྟས་ཞང་སྲིད་གཞུང་གི་ལས་བྱེད་མི་སྣ་དང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ(ལས་རོགས་ཉེན་རྟོག་པ)བཅས་མི7གྱིས་གྲུབ་པའི“འཕྲུལ་རྟ་ཞོན་པའི་སྒྲོག་འགྲེལ་རུ་ཁག”ཅེས་པ་བཙུགས།

པད་མ་རྒྱལ་ནི་སྒྲོག་འགྲེལ་རུ་ཁག་དེའི་རུ་གཙོ་ཡིན་ལ། ཏང་ལོ35ཡོད་པའི་ཏང་ཡོན་རྒན་པ་ཞིག་ཀྱང་རེད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་འབྲེལ་བའི་ཞོལ་མ་ཞང་གི་འབྲོག་ཁྱིམ་གྱི་སྡོད་གནས་ཧ་ཅང་ཐར་ཐོར་ཡིན་ཞིང་། ཐག་ཉེ་སར་སྤྱི་ལེ་གཅིག་གཉིས་ཙམ་གྱིས་ཆོད་པ་དང་། རིང་བར་སྤྱི་ལེ་བཅུ་ལྷག་ཡོད་པར་མ་ཟད། བགྲོད་ལམ་ཧ་ཅང་ཀྱག་ཀྱོག་ཆེ། གལ་ཏེ་གངས་ཆར་གྱི་གནམ་གཤིས་དང་འཕྲད་ཚེ་སྔར་བས་འདམ་རྫབ་ཆེ་ཞིང་བགྲོད་དཀའ་ལ། འབྲོག་པ་མང་ཚོགས་ཕྱོགས་གཅིག་ཏུ་བསྡུས་ནས་སྒྲོག་འགྲེལ་བྱེད་པར་ཡང་དཀའ་ཁག་ཤིན་ཏུ་ཆེ།

“རླངས་འཁོར་འགྲོ་མི་ཐུབ་སར་ང་ཚོ་འཕྲུལ་རྟར་ཞོན་པ་དང་། འཕྲུལ་རྟ་འགྲོ་མི་ཐུབ་སར་ང་ཚོ་རྐང་ཐང་ལ་འགྲོ་བཞིན་ཡོད། བརྩེ་བ་དང་སྤྲོ་སེམས་བསྣམས་ནས་རྒྱང་ཐག་རིང་ཤོས་ཀྱི་སྡེ་བ་དང་གནད་དོན་གཅིག་བསྡུས་ཡིན་ཤོས་ཀྱི་ས་ཁུལ། སྲིད་ཇུས་ཀྱི་ཤེས་བྱ་མཁོ་བའི་ས་གནས་བཅས་སུ་སོང་ནས། ཏང་གི་ཐུགས་ཁུར་ཏན་ཏན་ཏིག་ཏིག་གིས་འབྲོག་ཁྱིམ་རེ་རེར་བསྐྱལ་བ་ཡིན”ཞེས་བཤད་ཞོར་དུ་པད་མ་རྒྱལ་གྱི་མིག་ནང་དུ་བློ་རྩ་བརྟན་པའི་ཉམས་ཤིག་ཤར་འདུག

ཚང་མས་བཤད་ན། གནས་ལུགས་ཆེན་པོ་བཤད་པ་ནི“ཟ་མ་གཡོས་སྦྱོར”བྱེད་པ་དང་མཚུངས་ཟེར། གཅིག་ནས་བསམ་བློའི་རིགས་པའི་གཞུང་ལུགས་ཀྱི་ཚན་རིག་རང་བཞིན་དང་གཟབ་ནན་རང་བཞིན་ལ་ཁག་ཐེག་བྱེད་པ་དང་། གཉིས་ནས་སྒྲོག་འགྲེལ་ཀློག་འདོན་གྱི་འོས་འཚམ་རང་བཞིན་དང་གསོན་ཉམས་རང་བཞིན་ལ་ལྟ་རྟོག་བྱེད་དགོས། འབྲོག་པ་མང་ཚོགས་ལ་ཁ་གསལ་གོ་བདེ་དང་གྲུབ་འབྲས་མངོན་གསལ་ལྡན་པའི་སྒོ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཤེས་སུ་འཇུག་ཆེད། འཕྲུལ་རྟ་ཞོན་པའི་སྒྲོག་འགྲེལ་རུ་ཁག་ཏུ་ཞུགས་པའི་ཐོག་མའི་ཆ་རྐྱེན་ནི་རྒྱ་བོད་སྐད་གཉིས་བྱང་ཆུབ་དགོས་པ་དེ་རེད།

དེ་ལས་གཞན། སྟབས་བདེ་ལ་འགྱུར་ཁུགས་ལྡན་པའི་སྐད་ཆ་དང་གསོན་ཉམས་ལྡན་པའི་དཔེ་གཞི་ཁོང་དུ་ཆུད་པར་བྱས་ཏེ། འབྲོག་པ་མང་ཚོགས་ལ་སྤྲོ་སྐྱིད་ལྡན་པའི་སྒྲོག་འགྲེལ་ཁྲོད་ཤེས་བྱ་སློབ་དུ་འཇུག་དགོས། དེའི་ཐད་ནས་སྒྲོག་འགྲེལ་རུ་ཁག་གི་ཁོངས་མི7གྱིས་ཀྱང་རང་ངོས་ནས་བསམ་གཞིག་མང་དུ་བཏང་ཐོག ལ་ལས་མེ་ལོང་ལ་བལྟས་ནས་ཉམས་འགྱུར་སྦྱོང་བརྡར་བྱེད་པ་དང་། ལ་ལས་ཁྱིམ་མིའི་མདུན་དུ་ཁ་ལྕེ་སྦྱོང་བརྡར་བྱེད།

“ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པས་བསྟན་དོན། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་མཐོ་གནས་གསར་པ་གསར་སྐྲུན་བྱེད་པ་དང་། རྩྭ་ཐང་དང་ནགས་ཚལ། བརླན་ས། འཁྱགས་ཀླུང་། ཆུ་བོ། བྱེ་ཐང་སོགས་རང་བྱུང་སྐྱེ་ཁམས་མ་ལག་གི་བརྟན་བརླིང་རང་བཞིན་དང་སྐྱེ་ཁམས་བྱེད་ནུས་མཐོར་འདེགས་གཏོང་དགོས། དེ་ནི་ང་ཚོའི་རྩྭ་ཐང་དང་ནོར་ལུག འབྲོག་པ་བཅས་བར་གྱི་འབྲེལ་བ་དང་མཚུངས་ལ། མཉམ་དུ་འཕེལ་རྒྱས་དང་ཇེ་ལེགས་སུ་བཏང་སྟེ། སུས་ཀྱང་སུའི་ཁེ་ཕན་ལ་གནོད་སྐྱོན་བཏང་མི་ཆོག”

“‘གནས་བཞི’འཛུགས་སྐྲུན་ཁྲོད། ང་ཚོ་ཞོལ་མ་ཞང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་གནས་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་བསྐྲུན་པར་བསྡུར་རྟགས་རྒྱག་པ་དང་། ད་ལྟ་ང་ཚོ་དབུལ་ཐར་བྱུང་རུང་། འཕེལ་རྒྱས་ཕྱུག་འགྱུར་གྱི་ནུས་སྟོབས་ལྷོད་གཡེང་དུ་མི་གཏོང་བར། རྩལ་ནུས་སྦྱོང་བ་དང་ཐབས་ལམ་བརྗེ་བ། གསར་གཏོད་ཀྱི་ལམ་བུར་མཆོང་བ་བཅས་བྱས་ཚེ། ད་གཟོད་འཕེལ་རྒྱས་གསར་པའི་ལམ་བུའི་སྟེང་མདུན་སྐྱོད་བྱེད་ཐུབ།”

……

མང་ཚོགས་ཀྱིས་གོ་ཐུབ་པ་དང་ཡིད་ལ་འཛིན་ཐུབ་པའི་ཆེད་དུ། འཕྲུལ་རྟ་ཞོན་པའི་སྒྲོག་འགྲེལ་རུ་ཁག་གིས“སོ་སོའི་ནུས་པ་རྩལ་སྤྲུགས”སུ་བཏོན།

རྡེའུ་དཀར་སྡེ་བའི་ཚེ་རིང་དོན་འགྲུབ་ཀྱི་ཁྱིམ་དུ། སྒྲོག་འགྲེལ་པ་ཚོ་འབྲོག་པ་མང་ཚོགས་དང་མཉམ་དུ་བསྡད་དེ། རླབས་ཆེ་བའི་མེས་རྒྱལ་གྱི་དར་རྒྱས་སྟོབས་ལྡན་དང་ཏང་གི་སྣ་སོ་སོའི་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱས། རྡེའུ་དཀར་སྡེ་བའི་སྡེ་སྡོད་ལས་བྱེད་པ་སྟོབས་ལྡན་རྒྱལ་གྱིས་ཀྱང་རང་ཉིད་ཀྱི་ཉམས་མྱོང་ལ་ཟུང་འབྲེལ་བྱས་ཏེ། ཚང་མར་རྒྱལ་ཁབ་ཀྱི་མགྱོགས་མྱུར་ལྡན་པའི་འཕེལ་རྒྱས་འགྱུར་ལྡོག་དང་ཏང་གིས་མི་རིགས་ས་ཁུལ་ལ་གནང་བའི་དམིགས་བསལ་ཐུགས་ཁུར། དེ་མིན་རིགས་སོ་སོའི་མི་དམངས་ལ་ཐུགས་ཁུར་དང་བརྩེ་བ་ཟབ་མོ་གནང་བ་བཅས་ཀྱི་སྐོར་ནས་འགྲེལ་བཤད་ཞིབ་མོ་བྱས།

མདའ་བ་སྡེ་བ་རུ། སྡེ་མི་བསོད་ནམས་རྒྱལ་གྱིས་སེམས་འགུལ་ཐེབས་པའི་ངང་བཤད་རྒྱུར། “ང་རང་སྡོད་སའི་གནས་འདི་རྒྱང་ཐག་རིང་བ་དང་འགྲིམ་འགྲུལ་སྟབས་མི་བདེ་ལ། ཁ་པར་ལ་བརྡ་རྟགས་མེད་མོད། འོན་ཀྱང་སྒྲོག་འགྲེལ་རུ་ཁག་གིས་དུས་ནམ་ཡང་ང་ཚོ་ཡིད་ལ་བཟུང་ཡོད་པར་མ་ཟད། ད་དུང་ང་ཚོ་ཡོད་སར་ཡོང་ནས་འབྲེལ་ཡོད་ཀྱི་ཕྱུགས་ལས་འཕེལ་རྒྱས་སྲིད་ཇུས་སྒྲོག་འགྲེལ་བྱས་ཏེ། ང་ལ་བརྩེ་བ་དང་དྲོད་ཁོལ་མྱོང་དུ་བཅུག་ནས། ཏང་དང་རྒྱལ་ཁབ་ནི་ང་ཚོའི་ཉེ་འགྲམ་དུ་ཡོད་པའི་ཚོར་སྣང་ཞིག་སྦྱིན་བྱུང”ཟེར།

ཞོལ་མ་ཞང་གི་འཕྲུལ་རྟ་ཞོན་པའི་སྒྲོག་འགྲེལ་རུ་ཁག་ནི2000ལོར་བཙུགས་པ་དང་། ཆེས་ཐོག་མའི་རྒྱང་ཐག་རིང་བའི་རི་ཁུལ་དུ་སོང་ནས་ཁྲིམས་སྐྱོང་སྲིད་ཇུས་སྒྲོག་འགྲེལ་བྱ་བ་སྤེལ་བ་ནས་བཟུང་རིམ་བཞིན་ཞོལ་མ་ཞང་གི་གཞི་རིམ་ཏང་འཛུགས་བྱ་བའི་སྲོག་ཤིང་ཐེག་བྱད་དུ་གྱུར་ལ། “འཕྲུལ་རྟ་ཞོན་པའི་སྒྲོག་འགྲེལ”ཀྱི་བྱ་བ་ཇེ་ཉུང་དུ་སོང་མོད། འོན་ཀྱང་དེ་ནི་ཏང་འཛུགས་སྐྲུན་བྱ་བ་སྤེལ་བའི“དགོངས་དོན་བརྡ་རྟགས”ཤིག་ཡིན་པའི་ཆ་ནས་ད་བར་དུ་རྒྱུན་འཛིན་བྱས་པ་དང་། ལྷག་པར་དུ2019ལོ་ནས་བཟུང་། སྲིད་ཇུས་འགྲེལ་བཤད་དང་འགལ་བ་འདུམ་སྒྲིག་བྱེད་པར་འཕྲད་ཚེ། “འཕྲུལ་རྟའི་དུང་སྒྲ”མཚམས་བཞག་མ་མྱོང་ལ། དེ་ནི་འབྲོག་པ་མང་ཚོགས་ཀྱིས་བཤད་པ་ནང་བཞིན། འཕྲུལ་རྟ་ཞོན་པའི་སྒྲོག་འགྲེལ་རུ་ཁག་གི་གཟུགས་བརྙན་མཐོང་བ་ཙམ་གྱིས་ཀྱང་སེམས་གཏིང་ནས་བརྩེ་བ་དང་སེམས་འགུལ་ཐེབས་བྱུང་ཟེར་བ་ལྟ་བུ་རེད།

རུ་གཙོ་པད་མ་རྒྱལ་གྱིས་གསར་འགོད་པར་བཤད་རྒྱུར། ཁོས་ཞོལ་མ་ཞང་འཕྲུལ་རྟ་ཞོན་པའི་སྒྲོག་འགྲེལ་རུ་ཁག་གི་རུ་གཙོའི་འགན་འཁུར་བ་ནས་བཟུང་། སྒྲོག་འགྲེལ་རུ་ཁག་སྤྱི་ལེ12000ལྷག་གི་ལམ་ཚད་བསྐྱོད་དེ། ཁྱིམ་ཚང་དུ་སོང་ནས་བསྡོམས་པས་སྒྲོག་འགྲེལ་ཐེངས895ལྷག་ལ་སྤེལ་ཅིང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲིལ་སྒྲོག་རྒྱུ་ཆ16580ལྷག་བྱིན། བྱ་བའི་དགོས་མཁོ་དང་བསྟུན་ནས། ཁོ་ཚོ་ནི་ཏང་གི་སྲིད་ཇུས་སྒྲོག་འགྲེལ་བྱེད་པའི་སྒྲོག་གཏོང་པ་ཁོ་ན་ཙམ་མ་ཡིན་པར། འགལ་བ་བསལ་བའི་འདུམ་སྒྲིག་པ་དང་བརྟན་འཇགས་སྲུང་སྐྱོང་བྱེད་པའི་སྲུང་སྐྱོབ་པ་ཡིན་ལ། དེ་བས་ཀྱང་འབྲོག་པར་ཞབས་ཞུ་བྱེད་པའི་ལག་བསྟར་པ་ཡིན་ཟེར།

ས་དེ་དང་ཁ་འབྲལ་ཁར། པད་མ་རྒྱལ་གྱིས་སྒྲོག་འགྲེལ་གྱི་སྒྲ་སྒམ་ལས་ང་ཚོར《མེས་རྒྱལ་གྱིས་ང་རང་བརྗེད་མི་སྲིད》ཅེས་པའི་གླུ་དབྱངས་ཤིག་གཏོང་ཞོར། གླུ་དབྱངས་འདི་ནི་སྒྲོག་འགྲེལ་རུ་ཁག་ཆེས་དགའ་བའི་གླུ་གཞས་ཡིན་ཞེས་བཤད་ལ། དེ་མ་ཐག་རྣ་ལམ་དུ་དེ་འདྲ་ཞིག་གཤགས་ཡོང— “ཁྱོད་ཀྱིས་ང་རང་ངོ་ཤེས་དགོས་དོན་མེད། ཁྱོད་ཀྱིས་ང་རང་ངོ་ཟིན་པར་རེ་བ་བྱེད་ཀྱིན་མེད། ངས་རང་ཉིད་ཀྱི་ལང་ཚོ་མེས་རྒྱལ་གྱི་ཆུ་བོར་འདྲེས་སུ་བཅུག་ཡོད། རི་བོས་ང་རང་ངོ་ཤེས། ཆུ་བོས་ང་ངོ་ཤེས……”

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།