ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས5ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཅིག་གི་སྟེང་། མཚོ་བྱང་ཁུལ་གྱིས་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་སྲུང་ལ་ཕུལ་བའི་སྐམས་ཤ་དང་ལུག་ཤ་ཏུན10.5བདེ་བླག་ངང་ཟི་ལིང་དུ་འབྱོར། མཚོ་བྱང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའུ་ཏང་ཨུའི་ཧྲུའུ་ཅི། ཅུའུ་ཀྲང་ལིས་ཞང་ཏུང་གིས་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཟི་ལིང་གྲོང་ཁྱེར་ལ་ཞལ་འདེབས་དངོས་ཟོག་ཕུལ་བ་རེད།
ཁོས་ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་ཀྱི་གཏན་ཁེལ་ནད་པ་བྱུང་རྗེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་། ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག ཟི་ལིང་གྲོང་ཁྱེར་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དད་སེམས་དང་འགན་འཁྲི། བྱ་སྤྱོད་དངོས་ཀྱི་ཐོག་ནས་སེམས་ཤུགས་གཅིག་སྒྲིལ་དང་དཔུང་བ་མཉམ་གཤིབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་རིམས་འགོག་དམག་འཐབ་བརྒྱབ་པ་དང་། ཞིང་ཆེན་ཡོངས་ཀྱི་རིམས་ནད་བཀག་སྡོམ་ཐད་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཡོད། ཐོག་མཐའ་བར་གསུམ་དུ། ཟི་ལིང་དང་མཚོ་བྱང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་རོགས་རེས་བྱས་ཤིང་། ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་ཀྱིས་མཚོ་བྱང་གི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ལ་གཡོ་འགུལ་ཆེན་པོ་ཐེབས་ཡོད། གློ་བུར་དུ་བྱུང་བའི་པྲོག་གསར་རིམས་ནད་ཀྱི་མདུན་སར་མཚོ་བྱང་ལ་ཟི་ལིང་གྲོང་ཁྱེར་དང་མཉམ་དུ་ཕྱར་བ་གྲུ་འདེགས་དང་རིམས་ནད་མཉམ་འགོག་བྱས་ཏེ། རིམས་ནད་བཀག་སྡོམ་གྱི“ལྕགས་རི”བསྐྲུན་པའི་འོས་འགན་དང་འགན་འཁྲི་ཡོད་པས། སྤུན་ཟླའི་གྲོང་ཁྱེར་གྱི་རིམས་འགོག་ལས་དོན་ལ་མཚོ་བྱང་གི་སྟོབས་ཤུགས་སྐྱེས་སུ་ཕུལ་བ་ཡིན་ཟེར།
ཟི་ལིང་གྲོང་ཁྱེར་གྱི་གྲོང་དཔོན་གཞོན་པ་ཝུའུ་ཀྲི་ཁྲིན་གྱིས་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་བྱས་ནས་ཞལ་འདེབས་དངོས་པོ་དང་ལེན་བྱས་པ་དང་འབྲེལ་མཚོ་བྱང་ཁུལ་གྱིས་བྱམས་སེམས་ཀྱི་གཤོག་ཟུང་བརྐྱངས་ནས་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོས་བསྟན་དོན། དམངས་ཡོངས་སྐུལ་སློང་དང་ཕྱར་བ་གྲུ་འདེགས་ཀྱིས་གློ་ཚད་རིམས་ནད་བཀག་སྡོམ་བྱེད་པའི་ཛ་དྲག་གི་གནས་བབ་འོག མཚོ་བྱང་གིས་དུས་ཐོག་ཏུ་རོགས་སྐྱོར་དངོས་ཟོག་ཞལ་འདེབས་བརྒྱབ་ནས“ཕྱོགས་གཅིག་ལ་དཀའ་ངལ་ཡོད་ན་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པའི”གཅེས་སེམས་ཆེན་པོ་མཚོན་པར་བྱས་ཤིང་། “རིམས་ནད་ནི་བཀའ་རྒྱ་དང་བཀག་སྡོམ་ནི་འགན་འཁྲི་ཡིན”པའི་ལས་འགན་ཕྲག་ཐོག་ཏུ་འཁུར་བའང་མངོན་ཡོད། ཟི་ལིང་གྲོང་ཁྱེར་གྱིས་ཞིང་ཆེན་ཡོངས་ཀྱི་མི་དམངས་དང་སེམས་པ་གཅིག་སྒྲིལ་གྱིས་མཉམ་དུ་དཀའ་ངལ་ཁྱད་གསོད་བྱས་ཏེ་རིམས་ནད་བཀག་སྡོམ་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་ཡིན་ཞེས་བཤད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
མཚོ་བྱང་ཁུལ་གྱིས་ཟི་ལིང་གྲོང་ཁྱེར་ལ་སྐམས་ཤ་དང་ལུག་ཤ་ཏུན10.5ཞལ་འདེབས་སུ་ཕུལ།