ཉེ་ཆར། ཟི་ལིང་གྲོང་ཁྱེར་དུ་སྔ་རྗེས་སུ་ས་གནས་རང་གི་ནད་གཞི་གཏན་འཁེལ་གྱི་ནད་རྟགས་ཐོན་པས་རིམས་ནད་འགོག་སྲུང་གི་གནས་བབ་ཧ་ཅང་ཛ་དྲག་ཅན་དུ་གྱུར་ཡོད། རིམས་ནད་མཆེད་པར་སྔོན་འགོག་ཚོད་འཛིན་དང་གཅིག་བསྡུའི་རང་བཞིན་གྱི་ནད་ཡམས་ཐོན་རྒྱུར་འགོག་སྲུང་ནན་མོ་བྱེད་ཆེད། ཞིང་ཆེན་དང་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་གཞིར་བཟུང་། མིག་སྔར་ཟ་ཁང་སོགས་གཅིག་བསྡུའི་རང་བཞིན་གྱི་བྱེད་སྒོའི་འབྲེལ་ཡོད་དོན་ཚན་ལ་ཛ་དྲག་ངང་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།
གཅིག བཟའ་བཏུང་ཞབས་ཞུ་སྒྲུབ་མི་ཆོག་པ།
(གཅིག)དེ་རིང་ནས་བཟུང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་བཟའ་བཏུང་ཞབས་ཞུ་ཁང(ཟ་ཁང་དང་ཞོགས་ཟས་ཁང་། ཇ་ཆང་ཁང་སོགས་ཚུད)སོགས་ནས་བཟའ་བཏུང་ཞབས་ཞུ་སྒྲུབ་མི་ཆོག་པ་དང་། ཟ་ཁང་ནས་མངགས་ཉོ་བྱེད་པའམ། དྲ་བའམ་ཡང་ན་ཁ་པར་སོགས་ཕྱི་ནས་མངགས་ཉོ་བྱེད་པའི་ཞབས་ཞུ་མཁོ་འདོན་བྱས་ཆོག
(གཉིས)བཟའ་བཏུང་སྐྱེལ་མཁན་གྱིས་ཉིན་ལྟར་ཟ་མ་མ་བསྐྱལ་གོང་དྲོད་ཚད་འཇལ་དགོས་པ་དང་། གལ་ཏེ་ཚ་རྒྱས་པ་དང་། ཆམ་ནད། གློ་ལུད་རྒྱག་པ། དབུགས་ལམ་གྱི་ནད་རྟགས་ཡོད་པ་བཅས་ཤེས་ཚེ་མྱུར་དུ་ལས་ཀ་བྱེད་མཚམས་འཇོག་དགོས་པ་དང་འབྲེལ་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས། སྡེབ་སྐྱེལ་ཟས་རིགས་དག་ཐེངས་གཉིས་ལ་ཁ་དམ་པོ་སྦྱར་ནས་ཐག་གཅོད་བྱེད་དགོས། ཟ་མ་བསྐྱལ་ཚར་རྗེས། སྡེབ་སྐྱེལ་རླངས་འཁོར་དང་། དྲོད་སྒམ། ཟོག་འགྲེམས་འཁོར་རྒྱུག་ཡོ་བྱད་བཅས་ལ་དུག་སེལ་ནན་མོ་བྱེད་དགོས་ཤིང་། ལས་ཀའི་གོ་རིམ་ཁྲོད་ཟས་རིགས་ལ་མི་རེག་པ་ལག་བསྟར་ནན་མོ་བྱེད་དགོས།
(གསུམ)གྲོང་ཁྱེར་ཡོངས་ཀྱི་ཟ་ཁང་དག་ནས་ཚ་བ་རྒྱས་པ་དང་ལུད་པ་སོགས་དབུགས་ལམ་གྱི་ནད་རྟགས་ཡོད་པའི་ལས་མི་ལས་གནས་སུ་ཞུགས་མི་ཆོག་པར་མ་ཟད། ལས་གནས་སུ་ཞུགས་སྐབས་ངེས་པར་དུ་ཉིན་རེའི་ཞོགས་པའི་བརྟག་དཔྱད་དང་ལེན་བྱེད་དགོས་པ་དང་། ལས་ཀ་བྱེད་པའི་གོ་རིམ་ཁྲོད་ངེས་པར་དུ་ཁ་ཐུམ་རྒྱག་དགོས།
(བཞི)གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་བཟའ་བཏུང་ཞབས་ཞུ་ཁང་ཚང་མས་ལུགས་མཐུན་སྒོས་ལས་གཉེར་གྱི་དུས་ཚོད་བཀོད་སྒྲིག་བྱེད་དགོས་པ་དང་། ལས་གཉེར་བྱེད་ས་དག་ལ་ཉིན་རེར་དུག་སེལ་ནན་མོ་བྱས་ཏེ་མཁའ་དབུགས་འཁོར་རྒྱུག་རྒྱུན་འཁྱོངས་བྱེད་དགོས། འབྲེལ་ཡོད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱས་མེད་པའི་རིགས་ཚང་མས་ལས་གཉེེར་བྱས་མི་ཆོག
འདུ་ཚོགས་རང་བཞིན་གྱི་བྱ་འགུལ་སྣ་ཚོགས་སྤེལ་བར་ཚོད་འཛིན་བྱ་རྒྱུ།
(གཅིག) དེ་རིང་ནས་བཟུང་། གྲོང་ཁྱེར་ཡོངས་ཀྱི་མགྲོན་ཁང་དང་ཟ་ཁང་སོགས་ནས་གྲོས་ཚོགས་དང་ཟབ་སྦྱོང་། འཁྲབ་སྟོན། འགྲེམ་སྟོན། སྟོན་མོ། གླེང་མོལ་ཚོགས་འདུ། ལུས་རྩལ་འགྲན་སྡུར་སོགས་གཞི་རྒྱ་ཆེ་བའི་འདུ་འཛོམས་གྱི་བྱ་འགུལ་སྣ་ཚོགས་སྤེལ་མི་ཆོག སྔོན་ཆད་དུས་བཅད་བྱས་ཟིན་པའི་བྱ་འགུལ་དག་མེད་པར་བཟོ་བའམ་ཡང་ན་ཕྱིར་འགྱངས་བྱེད་དགོས།
(གཉིས།) གཉེན་སྟོན་དུས་འགྱངས་བྱས་ནས་སྤེལ་བ་དང་འདས་མཆོད་སྟབས་བདེའི་སྒོ་ནས་སྤེལ་བ། དེ་མིན་གྱི་སྟོན་མོ་གཞན་དག་སྤེལ་མི་ཆོག དེར་མ་ཟད་གནས་ཚུལ་སྙན་ཞུ་བྱེད་པའི་གོ་རིམ་གཟབ་ནན་ངང་ལག་བསྟར་བྱེད་དགོས། འགྲེམ་སྟོན་སོགས་ཚོང་སྐུལ་གྱི་བྱ་འགུལ་ཆེ་གྲས་དག་སྤེལ་བར་བཀག་སྡོམ་བྱས་ནས། རིམས་ནད་འགོས་ཁྱབ་ཀྱི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས།
(གསུམ། )གལ་ཆེའི་བྱ་འགུལ་སྤེལ་སའི་དོ་དམ་ལ་ཤུགས་སྣོན་དགོས་ཏེ། མགྲོན་ཁང་དང་ཚོང་ར། ཞིང་ལས་ཐོན་རྫས་ཉོ་ཚོང་ཁྲོམ་ར་སོགས་སྤྱི་པའི་ས་གནས་སུ་འགྲོ་འོང་བྱེད་པར་ཁ་ཐུམ་རྒྱག་པ་དང་དྲོད་ཚད་འཇལ་བ། “སྨི་གཅིག་གི་བར་ཐག” དངོས་མིང་ཐོ་འགོད་སོགས་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱ་དགོས་ལ། དུས་བཅད་ལྟར་དུག་སེལ་བྱེད་དགོས། ནུས་ལྡན་གྱི་བྱེད་ཐབས་སྤྱད་ནས་སྤྱི་པའི་ས་ཁོངས་ཀྱི་དུག་སེལ་གྱི་གྲངས་ཚད་ལ་ཤུགས་བསྣན་ཏེ། ཁྱབ་ཁོངས་ཡོངས་ལ་དུག་སེལ་བྱེད་དགོས། རྒྱ་ཆེའི་སྡོད་དམངས་རྣམས་ཀྱིས་མི་སྒེར་གྱི་བདེ་ཐང་འགོག་སྲུང་ནན་གྱིས་སྒྲུབ་ནས། ཁ་ཐུམ་རྒྱག་པ་དང་ལག་པ་བཀྲུ་བ། ཁ་དབུགས་འཁོར་རྒྱུག་བྱེད་པ། འདུ་འཛོམས་མི་བྱེད་པ། འབྲེལ་འདྲིས་ཀྱི་བར་ཐག་བཅས་ལ་ཁག་ཐེག་བྱེད་དགོས།
(བཞི།)ཏང་སྲིད་ལས་ཁུངས་སོ་སོ་དང་ཁེ་ལས། ལས་དོན་ལས་ཁུངས་ཀྱི་ལས་བྱེད་མི་སྣ་དག་ངེེས་པར་དུ་གྲོང་ཁྱེར་དང་ཞིང་ཆེན་ཕྱི་ལ་འགྲོ་དགོས་ན། རྒྱལ་ནང་གི་ཉེན་ཁ་ཆེ་བའི་ས་ཁུལ་དང། རིམས་ནད་ཡོད་སའི་ས་ཁུལ་དུ་སོང་མི་ཆོག་ལ། གནས་ཚུལ་སྙན་ཞུ་བྱེད་པའི་གོ་རིམ་གཟབ་ནན་ངང་ལག་བསྟར་བྱེད་དགོས་པ་མ་ཟད། མི་སྒེར་གྱི་འགོག་སྲུང་གི་བྱ་བ་ལེགས་པོར་བསྒྲུབ་དགོས། ལས་ཁུངས་སོ་སོར་མཚོན་ན། ངེས་པར་དུ་འཚོགས་དགོས་པའི་ཚོགས་འདུ་ཡོད་ཚེ་མི་སྣར་ཚོད་འཛིན་བྱེད་དགོས།
(ལྔ། )རྫོང་དང་ས་ཁུལ། དེ་མིན་འབྲེལ་ཡོད་ཀྱི་ལས་ཁུངས་ཀྱིས་ཁོངས་གཏོགས་ས་ཁུལ་གྱི་མགྲོན་ཁང་དང་ཚོང་ར། ཞིང་ལས་ཐོན་རྫས་ཉོ་ཚོང་ཁྲོམ་ར་སོགས་གལ་ཆེའི་ས་གནས་དག་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་ལ། འབྲེལ་ཡོད་སྒྲིག་སྲོལ་དང་འགལ་ནས་གཞི་རྒྱ་ཆེ་བའི་འདུ་འཛོམས་ཀྱི་བྱ་འགུལ་སྤེལ་བ་དག་ལ། བཀའ་རྒྱ་བསྒྲགས་ནས་མཚམས་འཇོག་པར་བྱེད་དགོས་པ་མ་ཟད། ཁྲིམས་ལུགས་དང་ཁྲིམས་སྲོལ་གཞིར་བཟུང་ནས་བྱ་འགུལ་སྤེལ་མཁན་དང་འབྲེལ་ཡོད་མི་སྣར་འགན་འཁྲི་བདའ་འདེད་བྱེད་དགོས།
ཟི་ལིང་གྲོང་ཁྱེར་པྲོག་གསར་རིམས་ནད་འགོག་བཅོས་ཐག་གཅོད་བཀོད་འདོམས་པུའུ།
2021ལོའི་ཟླ11པའི་ཚེས2ཉིན།
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
ཟ་ཁང་སོགས་འདུ་ཚོགས་རང་བཞིན་གྱི་བྱ་འགུལ་སྤེལ་མི་ཆོག་པའི་བྲེལ་མྱུར་བརྡ་སྦྱོར།