ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་སྐོར་གྱི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡིས《རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་ཁྲོད་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་སྐོར་གྱི་བརྡ་སྦྱོར》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཏང་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ། མཐའ་གཅིག་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་བརྟན་སྲུང་བྱས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།
《བརྡ་སྦྱོར》ནང་ཁྱབ་ཁོངས་སོ་སོའི་ཏང་རྩ་འཛུགས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བའི་བྱེད་ཐབས་དོན་འཁྱོལ་བྱེད་པར་ཞིབ་ཕྲའི་བཀོད་སྒྲིག་བྱས་ཡོད། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ནུས་ཤུགས་ཡོད་རྒུས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། ཤང་གྲོང(ཁྲོམ་གཞུང)དང་གྲོང་ཚོ(སྡེ་ཁུལ)ཏང་རྩ་འཛུགས་ཀྱིས་ཁོངས་གཏོགས་ས་ཁུལ་གྱི་སྔོན་འགོག་ཚོད་འཛིན་འགན་འཁྲི་དོན་འཁྱོལ་བྱས་ཏེ། མི་སྣ་དང་དངོས་ཟོག སྒྲིག་ཆས་སོགས་ཀྱི་འགན་ལེན་བྱ་བ་ལེགས་པོར་སྒྲུབ་དགོས། འཕྲོད་བསྟེན་དང་སློབ་གསོ། སྤྱི་བདེ། འགྲིམ་འགྲུལ། འཕྲལ་བསྟུན། ཁྲོམ་རའི་ལྟ་སྐུལ་སོགས་ཀྱི་ལས་རིགས་སྡེ་ཁག་གི་ཏང་རྩ་འཛུགས་ཀྱིས་གཙོ་གཉེར་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། གཙོ་གནད་ས་ཁུལ་དང་། གཙོ་གནད་ལྷུ་ཚིགས། གཙོ་གནད་མི་སྣ་བཅས་ལ་དམ་པོར་དམིགས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་དག་དོན་འཁྱོལ་ནན་མོ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་ནན་གྱིས་འཛུགས་དགོས། སྨན་ཁང་དང་མཐོ་སློབ། ཚན་ཞིབ་ཁང་བཅས་ཀྱི་ཏང་རྩ་འཛུགས་ཀྱིས་ནུས་ཤུགས་ཡོད་རྒུས་སྨན་བཅོས་སྲོག་སྐྱོབ་དང་། ཚན་ཞིབ་འགག་སྒྲོལ། རྨང་གཞིའི་སྔོན་འགོག་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས། དེ་མིན་སྒྲིག་གཞི་གཞན་པའི་བྱ་གཞག་ལས་ཁུངས་དང་། རྒྱལ་གཉེར་ཁེ་ལས། “གསར་པ་གཉིས”ཀྱི་ཁྱབ་ཁོངས་བཅས་ཀྱི་ཏང་རྩ་འཛུགས་ཀྱིས་ཁོངས་གཏོགས་ཁུལ་གྱི་ཏང་རྩ་འཛུགས་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་དགོས། ཁྱབ་ཁོངས་སོ་སོའི་ཏང་རྩ་འཛུགས་ཀྱིས་ཀྱང་མང་ཚོགས་ལ་རིམས་འགོག་གཏན་འབེབས་བརྩི་སྲུང་ཞུ་བར་ཁྲིད་སྟོན་བྱས་ཏེ། མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་ཆགས་པར་བྱེད་དགོས། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཚོ་སྔོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡིས《བརྡ་སྦྱོར》བཏང་ནས་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི“དམར་པོའི་སྲུང་ཡོལ”བརྟན་སྲུང་བྱེད་དགོས་པའི་བླང་བྱ་བཏོན།