མཚོ་སྔོན་རིམས་ནད་སྔོན་འགོག་ཚོད་འཛིན་ཡུལ་དངོས་ཀྱི་ན་གཞོན་དང་བླངས་པར་ཉེན་སྲུང་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས4ཉིན། གསར་འགོད་པས་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུ་ནས་ཤེས་གསལ་ལྟར་ན། གཞི་རིམ་རིམས་ནད་འགོག་བཅོས་ཚོད་འཛིན་དང་བླངས་པའི་འགན་སྲུང་ལ་ཤུགས་བསྣོན་བྱེད་པ་དང་། རང་ཞིང་གི་རིམ་པ་སོ་སོའི་གུང་གཞོན་ཚོགས་པ་རྩ་འཛུགས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་རོགས་རམ་བྱེད་པའི་ན་གཞོན་དང་བླངས་པའི་ཞབས་ཞུར་འགན་སྲུང་བྱ་ཆེད། གུང་གཞོན་ཚོགས་པ་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ན་གཞོན་དང་བླངས་པའི་མཐུན་ཚོགས་ཀྱིས་ཀྲུང་གོའི་ཞི་བདེ་རྒྱ་མཚོའི་ཉེན་སྲུང་མ་རྐང་ཚད་ཡོད་ཀུང་སི་མཚོ་སྔོན་ཡན་ལག་ཀུང་སི་དང་མཉམ་འབྲེལ་སྒོས“ན་གཞོན་དང་བླངས་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ཉེན་སྲུང་ཆེད་སྤྱོད་བྱ་འགུལ”མགོ་བརྩམས་ཏེ། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ན་གཞོན་དང་བླངས་པར་ཆེད་སྤྱོད་ཉེན་སྲུང་ཕུལ།

ཉེན་སྲུང་འགན་སྲུང་ཐོབ་པའི་དང་བླངས་པས་རིམས་ནད་འགོག་བཅོས་ཚོད་འཛིན་དང་བླངས་ཞབས་ཞུའི་རྣམ་གྲངས་སྤེལ་སྐབས། པྲོག་གསར་གློ་ཚད་རིམས་ནད་དང་བླངས་པར་ཞུགས་པའི་གོ་རིམ་ཁྲོད་རྨས་ཕོག་མཁན་ལ། སྒོར་ཁྲི10ཡི་སྐྱིན་ཚབ་ཡོད་པ་དང་། ཚོང་གཉེར་འགྲུལ་སྐྱེལ་ལས་གཉེར་ཀྱི་རླངས་འཁོར་དང་། གྲུ་དང་མེ་འཁོར་སོགས་ལ་བསྡད་དེ་བསམ་ཡུལ་ལས་འདས་པའི་རྨས་ཕོག་མཁན་ལ་སྒོར་ཁྲི10ཡི་སྐྱིན་ཚབ་ཡོད་ཅིང་། ཚོང་གཉེར་ཅན་གྱི་དམངས་འགྲུལ་མཁའ་སྐྱེལ་ལ་བསྡད་དེ་རྨས་ཕོག་མཁན་ལ་སྒོར་ཁྲི50ཡི་སྐྱིན་ཚབ་སྤྲོད་པ་ཡིན།

གོང་གི་ཉེན་སྲུང་ལེགས་འགྲུབ་བྱས་རྗེས་ཉིན་རྗེས་མ་ནས་ནུས་ལྡན་ཡིན་ཞིང་། ཉེན་སྲུང་དུས་ཡུན་ཉིན30ཡིན། ཉེན་སྲུང་ཐོབ་རྗེས། རྫོང་ཡན་གྱི་གུང་གཞོན་ཚོགས་པའམ་ཡང་ན་ན་གཞོན་དང་བླངས་མཐུན་ཚོགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་སྨན་བཅོས་མྱུར་སྐྱོབ་གཏན་འཁེལ་སྨན་ཁང་གི་དཔང་ཡིག་ཡོད་ཚེ། དང་བླངས་པས་སྐྱིན་ཚབ་ཞབས་ཞུ་ཐོབ་ཆོག རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ན་གཞོན་དང་བླངས་པས་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ཕྱོགས་སྐད་འཕྲིན་སྟེ་ལང་ཚོའི་མཚོ་མོ་ཞེས་པར་དོ་སྣང་བྱས་པ་བརྒྱུད་དེ། ཆེད་སྤྱོད་ཉེན་སྲུང་བླངས་རྗེས་འབྲེལ་ཡོད་ཉེན་སྲུང་འགན་སྲུང་ཐོབ་ཐུབ། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།