ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ11པའི་ཚེས4ཉིན་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་ཡི་ཆེས་གསར་བའི་སྔོན་བརྡ་ལྟར་ན། སྔོན་དཔག་བྱས་ན་ཟླ11པའི་ཚེས5ཉིན་ནས་ཚེས7ཉིན་བར། རང་ཞིང་གི་ནུབ་ནས་ཤར་དུ་གྲང་ངར་ཆེ་བའི་གནམ་གཤིས་འབྱུང་རྒྱུ་དང་། གོ་རིམ་དེའི་ཁྲོད་དྲོད་གྲངས་མར་ཆག་པ་དང་རླུང་གཡུག་པ། ས་ཁུལ་ཁ་ཤས་སུ་ཁ་བ་འབབ་པའི་གནམ་གཤིས་ཡང་འབྱུང་བ་དང་། བྱང་ཕྱོགས་དང་ཤར་ཕྱོགས་ས་ཁུལ་གྱི་ཆ་སྙོམས་དྲོད་གྲངས་ཧྲེ་ཧྲིའི་ཏུའུ8ནས10མར་ཆག་པ་དང་། ས་ཁུལ་ཁ་ཤས་སུ་མར་ཆག་ཚད་ཧྲེ་ཧྲིའི་ཏུའུ12ཡན་ལ་སླེབས་རྒྱུ་རེད།
གནམ་གཤིས་ཆེད་མཁས་པས་གསལ་འདེབས་ཞུ་དོན། ཐེངས་འདིའི་གྲང་ངར་ཆེ་བའི་གནམ་གཤིས་ཤུགས་རྐྱེན་འོག རང་ཞིང་གི་བྱང་ཕྱོགས་ས་ཁུལ་གྱི་ཉིན་རེའི་ཆ་སྙོམས་དྲོད་གྲངས་ལྡབ་འགྱུར་གྱི་མར་ཆག་པ་དང་། ཆར་ཆུ་འབབ་ཚད་གཙོ་བོ་ཟི་ལིང་དང་མཚོ་ཤར། མཚོ་བྱང་ས་ཁུལ་ཡིན་པ་དང། དེའི་སྐབས་སུ་གནས་སྐབས་སུ་ཁ་བ་དང་དར་འཁྱགས་པའི་སྣང་ཚུལ་འབྱུང་རྒྱུ་ཡིན་པས། འབྲེལ་ཡོད་སྡེ་ཁག་གིས་འགྲིམ་འགྲུལ་སྐྱེལ་འདྲེན་དང་ཞིང་ལས་སྒྲིག་ཆས། ཕྱུགས་ལས་འགོག་སྲུང་བཅས་ཀྱི་བྱ་བ་ལེགས་པོར་སྒྲུབ་ནས། ཁ་བ་དང་དྲོད་གྲངས་མར་ཆག་པའི་གནམ་གཤིས་ཀྱི་ཤུགས་རྐྱེན་འགོག་སྲུང་བྱེད་དགོས། དུས་མཚུངས་སུ་དྲོད་གྲངས་ཡང་ལྡབ་འགྱུར་གྱི་མར་ཆག་པ་དང་། ཕྱི་རོལ་དུ་ཡོད་པའི་ཉིང་བསྐྱུར་ཚད་ལེན་བྱ་བར་ཤུགས་རྐྱེན་མི་ལེགས་པ་བཟོ་སྲིད་ཅིང་། སྨན་བཅོས་ལས་སྒྲུབ་མི་སྣ་དང་མང་ཚོགས་ཀྱི་གྲང་འགོག་དྲོད་སྲུང་བྱ་བར་དོ་སྣང་བྱས་ཏེ། དབུགས་ལམ་ནད་རིགས་འགོག་སྲུང་བྱ་བ་ལེགས་པོར་སྒྲུབ་དགོས། མཚོ་སྔོན་གནམ་གཤིས་བརྟག་དཔྱད་ཁང་གིས་ཐེངས་འདིའི་གནམ་གཤིས་གོ་རིམ་ལ་ལྟ་སྐུལ་བྱེད་བཞིན་ཡོད་པ་དང་། དུས་ཐོག་ཏུ་སྔོན་བརྡ་དང་ཉེན་བརྡའི་ཞབས་ཞུ་ཁྱབ་བསྒྲགས་བྱས་ཏེ། གནམ་གཤིས་ཞབས་ཞུ་བྱ་བ་ལེགས་པོར་སྒྲུབ་རྒྱུ་རེད།།
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
ཉེ་དུས་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་མང་ཆེ་བར་གྲང་ངར་ཆེ་བའི་གནམ་གཤིས་འབྱུང་རྒྱུ་རེད།