ཡུས་ཧྲུའུ་ས་འགུལ་གྱི་འཇིགས་པ་བརྒྱུད་མྱོང་མཁན་ཞིག་ཟི་ལིང་གི་རིམས་འགོག་བྱ་བར་ཞུགས་པའི་གཏམ་རྒྱུད།

“ཚང་མས་དཀའ་ལས་མྱང་སོང་། མྱུར་ཏུ་ཟ་མ་ལོངས། ཚན་དེ་ཡིན་དུས་ཟོ། ཟ་རྒྱུ་འཐུང་རྒྱུ་ཚང་མ་ཡོད། ཞོ་དང་འོ་མ་མི་རེར་བག་ཆ་རེ་ཡོད” ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་སུ། ངོ་གདོང་སྨུག་པོ་ཅན་གྱི་བོད་རིགས་སྟག་ཤར་ཞིག་དང་ཁོའི་ལས་གྲོགས་ཚོས་ཤོག་སྒམ་རེ་པང་ནས་བྲེལ་བྲེལ་འཚབ་འཚུབ་ཀྱིས་ལས་དོན་མི་སྣ་དང་དང་བླངས་པར་ཕོར་ཟས་བསྐྱལ་ནས་སླེབས་བྱུང་། ཚང་མས་ཟ་མ་ཚན་དེ་རེ་ཟ་ཐུབ་པ་མཐོང་དུས་ཁོའི་གདོང་ལ་ལྷད་མེད་ཀྱི་འཛུམ་མདངས་ཤིག་རྒྱས་ཡོང་། ཁོ་ནི་ཕོ་ལོ་ལྔ་བཅུར་སོན་པའི་བོད་རིགས་སྟག་ཤར་བློ་བཟང་འབྲུག་ཏེ། ཟི་ལིང་གྲོང་ཁྱེར་གྱི་བོད་ཟས་ཟ་ཁང་ཞིག་གི་འགན་འཛིན་པ་རེད།

1128023277_16358470364751n.jpg

པར་འདི་ནི་ཟླ10པའི་ཚེས31ཉིན་བློ་བཟང་འབྲུག་གིས་ཟི་ལིང་གྲོང་ཁྱེར་ཧྲིན་ལི་ལམ་གྱི་སྡེ་ཁུལ་དང་པོའི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་སུ་ཟ་མ་བསྐྱལ་པའི་རྣམ་པ་རེད།

ཟླ10པའི་ཚེས28ནས་བཟུང་། ཟི་ལིང་གྲོང་ཁྱེར་དུ་རིམ་བཞིན་པྲོག་གསར་གློ་ཚད་ཀྱི་ནད་པ་བྱུང་བའི་གནས་ཚུལ་དེ་བློ་བཟང་འབྲུག་གིས་ཤེས་འཕྲལ་དུ་སེམས་པར་དངངས་འཚུབ་སྐྱེས་ཤིང་མཚན་མོར་གཉིད་ཀྱང་མ་ཁུགས། ཁོས་མིག་ཟུང་བཙུམས་དུས་སེམས་ལ་ལོ་ངོ11སྔོན་གྱི་ས་འགུལ་བྱུང་བའི་རྣམ་པ་དེ་ཤར་ཡོང་། “ལོ་དེར། ངའི་ཕ་ཡུལ་ཡུས་ཧྲུའུ་ལ་ས་འགུལ་ཆེན་པོ་བྱུང་བའི་རྣམ་པ་ནི། ཐེངས་འདིའི་པྲོག་གསར་གློ་ཚད་ནད་དུག་བྱུང་བའི་རྣམ་པ་དང་འདྲ་འདྲ་རེད། མི་ཚང་མའི་ལུས་སེམས་གཉིས་ཀར་དཀའ་ངལ་ཆེན་པོ་ཞིག་བསྐྱལ་ཡོང” སྐབས་དེའི་རྣམ་པར་ཕྱིར་དྲན་བྱེད་ཞོར་བློ་བཟང་འབྲུག་གིས“སྟབས་ལེགས་པ་ཞིག་ལ་སྐབས་དེར་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་རྣམས་མྱུར་ཏུ་སྲོག་སྐྱོབ་ལ་ཕེབས་བྱུང་བས། ཁོའི་གྲོགས་པོ་བཀྲ་ཤིས་དང་ཁྱིམ་མིའི་ཚེ་སྲོག་ཉེན་ཁ་ལས་བསྐྱབས་བྱུང་། སྲིད་གཞུང་གིས་གནམ་གྲུ་མངགས་ནས་ཡུས་ཧྲུའུ་ཡི་རྨས་མ་མང་པོ་ཞིག་སྤྱི་ལེ700ཆོད་པའི་ཟི་ལིང་གྲོང་ཁྱེར་དུ་སྨན་བཅོས་བྱེད་པར་བསྐྱལ། ད་དུང་དེའི་རྗེས་ནས་མི་མང་པོ་ཞིག་ཡུས་ཧྲུའུ་བསྐྱར་སྐྲུན་བྱེད་པར་ཕེབས་ཡོང”ཞེས་སེམས་པ་སྨྲེང་ཞོར་དུ་བཤད།

དྲིན་ལ་དྲིན་གཟོ་བྱེད་པ་ནི་བློ་བཟང་འབྲུག་གིས་རྒྱུན་འཁྱོངས་བྱེད་པའི་ཀུན་སློང་དངོས་མ་ཞིག་ཡིན། ཁོས་བཤད་རྒྱུར། ད་སྐབས་བདག་གིས་བོད་ཟས་ཀྱི་ཁེ་ལས་ཤིག་གཉེར་ཡོད་པས། མ་རྩ་ཡང་ཅུང་ཙམ་བསགས་ཡོད་ལ། “མི་གཞན་ལ་རོགས་རམ་དང་སྤྱི་ཚོགས་ལ་དྲིན་ལ་འཇལ་བའི་ཆ་རྐྱེན་འཛོམས་ཡོད”ཅེས་བཤད། ཟླ10པའི་ཚེས30ཉིན། བློ་བཟང་འབྲུག་གིས་གནས་སྐབས་ཀྱི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས3ལ་འབྲེལ་བ་བྱས་ཏེ། རིམས་འགོག་མི་སྣ200ལྷག་ལ་ཕྱི་ཉིན་ཉིན་གོང་གི་ཟ་མ་བསྐྱལ་བའི་འགན་ཁུར་དང་དུ་བླངས། 

1128023277_16358470364951n.jpg

པར་འདི་ནི་ཟླ10པའི་ཚེས31ཉིན་བློ་བཟང་འབྲུག་གིས་ཟི་ལིང་གྲོང་ཁྱེར་ཧྲིན་ལི་ལམ་གྱི་སྡེ་ཁུལ་དང་པོའི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་སུ་ཟ་མ་བསྐྱལ་པའི་རྣམ་པ་རེད།

ས་བབ་སྨི2200ཡོད་པའི་ཟི་ལིང་དུ་ཟླ་བཅུ་བའི་ཟླ་སྨད་ནས་དགུན་མགོ་ཚུགས་ཡོད་ཅིང་། ཉིང་སྐྱུར་བརྟག་དཔྱད་ས་ཚིགས་སོ་སོའི་བར་ཐག་ཀྱང་ཅུང་རིང་པོ་ཡོད་པས། ཕོར་ཟས་འཁྱག་པར་འགྱུར་བའམ་ལས་དོན་མི་སྣ་རྣམས་ཀྱི་བཟའ་བཏུང་གི་གོམས་གཤིས་མི་འདྲ་བར་གཞིགས་ནས། ཚེས31ཉིན་གྱི་དགོང་མོར་བློ་བཟང་འབྲུག་གིས་ཡང་དང་བསྐྱར་དུ་བྱ་བའི་ཞིབ་ཕྲའི་གནས་ཚུལ་གཏན་འཁེལ་བྱས་ཏེ་མཚན་གུང་དུ་སླེབས།

ཕྱི་ཉིན། བློ་བཟང་འབྲུག་ནངས་སྔ་མོ་ནས་ལངས་ཏེ། ལས་གྲོགས་ཚོ་དང་མཉམ་དུ་བརྩེ་སེམས་ཟ་མ་ལས་པར་གྲ་སྒྲིག་བྱས། བཟའ་བཏུང་གི་དགོས་མཁོ་མི་འདྲ་བ་སྐོང་ཆེད་ད་དུང་ཁ་ཆེའི་ཟས་རིགས་སྐོར་ཞིག་ཉོས།  ཁོའི་འགྲུལ་འཁོར་ནང་གི་བར་སྟོང་ཆེས་ཆེ་ཤོས་སུ་ཟ་མ་དང་འོ་མ། ཞོ་སོགས་བཞག་ཡོད་ལ། ཟ་མ་འཁྱག་འགྲོ་བར་དོགས་ནས། ཟ་མའི་སྣོད་ཆས་དག་གྲལ་སྒྲིག་ཅིང་བརྩིགས་ནས་འགྱིག་སྒམ་ནང་དུ་བཞག་པ་དང་། སླར་ལྭ་བ་མཐུག་པོ་དག་གིས་འགྱིག་སྒམ་བཀབ་ནས་དྲོད་འཛིན་ཐབས་བྱས་ཡོད། 

གནས་སྐབས་ཀྱི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་ཅིག་ཏུ་སླེབས་པ་ན། བློ་བཟང་འབྲུག་གིས་ལས་བཟོ་བ་དག་ཁྲིད་དེ་བརྩེ་སེམས་ཟ་མ་བསྐྱལ་བ་དང་། ཞོ་སྒམ་ཆུང5འཁྱེར་ཞོར་དུ་ལས་བཟོ་བར“འདི་རུ་ལས་དོན་མི་སྣ60ཡོད་ཅིང་། ཁ་ཆེའི་ཟ་མ10དགོས་འདུག ཞོ་སྒམ་ཆུང་གཅིག་གི་ནང་ན12ཡོད། བརྩིས་ནས་འདང་ངེས་ཤིག་འཁྱེར་བ་ལས་ཉུང་མི་རུང”ཞེས་རང་གི་ལས་བཟོ་བར་བཤད་ཀྱིན་ཡོད། 

1128023277_16358470365121n.jpg

པར་འདི་ནི་ཟླ10པའི་ཚེས30ཉིན་བློ་བཟང་འབྲུག་གིས་ཟ་ཁང་གི་གཡོལ་ཁང་དུ་རིམས་འགོག་ཚོད་འཛིན་མི་སྣར་ཟ་མ་གྲ་སྒྲིག་བྱེད་བཞིན་པའི་ཚུལ་རེད། 

ཡུས་ཧྲུའུ་དུ་ས་ཡོམ་བྱུང་བ་བརྒྱུད། བློ་བཟང་འབྲུག་གིས་སྨན་བཅོས་ལས་དོན་མི་སྣ་དང་དང་བླངས་པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་བ་རྟོགས་ཡོད། “ངས་སེམས་གཏིང་ནས་སྨན་བཅོས་ལས་དོན་མི་སྣ་རང་གི་ཁྱིམ་མིར་བརྩིས་ཡོད། ས་ཡོམ་གནོད་ཁུལ་དུ་ཁོ་ཚོས་ཧུར་ཐག་འབད་འཐབ་བྱེད་པའི་རྣམ་པ་དེ་བརྗེད་མི་སྲིད། དེ་དུས་ངར་སེམས་འགུལ་ཆེན་པོ་ཐེབས་མྱོང” བློ་བཟང་འབྲུག་གིས་ད་དུང་ཕྱོགས་ཡོངས་ནས་རིམས་འགོག་ལྭ་བ་དང་ཁ་ཐུམ། མིག་སྲུང་ཤེལ་མིག་སོགས་ཉོ་སྒྲུབ་བྱས་ཏེ། རིམས་འགོག་ཚོད་འཛིན་གྱི་ཉིང་སྐྱུར་བརྟག་དཔྱད་བྱེད་ཡུལ་དང་གཞིས་ཁུལ་གྱི་ལས་དོན་མི་སྣར་སྟེར་གྱིན་ཡོད། 

གསར་འགོད་པས་བཅར་འདྲི་ལས་རྒྱུས་ལོན་པ་ལྟར་ན། ཟི་ལིང་གི་རིམས་འགོག་འཐབ་ཕྱོགས་དང་པོར། བློ་བཟང་འབྲུག་ལྟ་བུའི་ཡུས་ཧྲུའུ་ས་ཡོམ་བརྒྱུད་མྱོང་མཁན་གང་མང་ཡོད། ཁོ་ཚོས་ལས་གནས་མི་འདྲ་བར་རང་གི་འབད་བརྩོན་ལ་བརྟེན་ནས། འགན་འཁྲི་ཁུར་ཏེ་མི་གཞན་ལ་རོགས་རམ་བྱས་པ་དང་། བརྩེ་བ་དྲོན་མོ་བརྒྱུད་སྤྲོད་བྱེད་བཞིན་ཡོད། 

“རིམས་འགོག་ལས་ཡུལ་དང་པོར་དགོས་མཁོ་ཅི་ཞིག་ཡོད་ན། ང་ཚོས་ནུས་ཤུགས་ཡོད་རྒུས་རོགས་རམ་བྱེད་དུ་ཡོང་བ་ཡིན”ཞེས་བློ་བཟང་འབྲུག་གིས་བཤད་རྒྱུར། གཞན་ལ་རོགས་རམ་བྱས་ན་རང་ལ་རོགས་རམ་བྱས་པ་ཡིན། “ཚང་མས་མཐུན་པའི་དཔུང་བ་མཉམ་ཏུ་གཤིབས་ནས། སེམས་པའིི་ཨ་ལོང་གཅིག་ཏུ་སྦྲེལ་ན། དཀའ་ཁག་ཅི་ཡིན་ཡང་དེ་ལས་རྣམ་པར་རྒྱལ་ནུས”ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།