མཚོ་སྔོན་རྒྱལ་ཐང་རྩྭ་ཐང་གི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ལོ་ལྔའི་ནང་ལྡབ3ལྷག་འཕར་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་ཟླ11པའི་ཚེས1ཉིན་མཚོ་སྔོན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ནས་ཤེས་གསལ་ལྟར་ན། གཞི་གྲངས་གསར་བ་ལས་མངོན་པ་ལྟར་ན། ཁྲི་འདུ་རྫོང་རྒྱལ་ཐང་རྩྭ་ཐང་གི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ལོ་རྒྱུས་ཀྱི་ཆེས་མཐོ་བའི་གྲངས་འབོར་ལས་བརྒལ་ནས་མགོ་གྲངས930ལྷག་ཟིན་ཡོད། མཚོ་སྔོན་ཡུས་ཧྲུའུ་རྒྱལ་ཐང་རྩྭ་ཐང་གིས་ལྟ་ཞིབ་ཚད་ལེན་བྱས་པ་ལྟར་ན། 2017ལོར་ཁྲུང་ཁྲུང་སྐེ་ནག280ལྷག་ཡོད་པ་དང་། 2018ལོར40ལྷག་ཡོད། 2019ལོར500ལྷག་ཡོད་ལ། 2020ལོར700ལས་ཐོག་མར་བརྒལ་ནས་ལོ་ལྔའི་རིང་ལྡབ3འཕར་ཏེ་ལོ་རྒྱུས་ཐོག་གི་ཆེས་མཐོ་བའི་གྲངས་འབོར་ལ་སླེབས་ཡོད།

ཁྲུང་ཁྲུང་སྐེ་ནག་ནི་གོ་ལ་ཧྲིལ་པོའི་ཁྲུང་ཁྲུང་རིགས་བཅོ་ལྔའི་ཁྲོད་མཚོ་བོད་མཐོ་སྒང་དུ་རིགས་རྒྱུད་སྤེལ་ཞིང་འཚོ་སྡོད་བྱེད་པའི་ཁྲུང་ཁྲུང་རིགས་ཁོ་ན་ཡིན་པ་དང་། ཀྲུང་གོའི་མཐོ་སྒང་སྐྱེ་ཁམས་འགྱུར་ལྡོག་གི་ཕྱོགས་སྟོན་རང་བཞིན་ལྡན་པའི་འདབ་ཆགས་ཤིག་ཡིན་པའི་ཆ་ནས1989ལོར་ཁྲུང་ཁྲུང་སྐེ་ནག་དེ་ཀྲུང་གོའི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་ཀྱི་གྲས་སུ་བཅུག་པ་དང་ཆབས་ཅིག་ཏུ1997ལོར《སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་ཀྱི་རྒྱལ་སྤྱིའི་ཚོང་དོན་སྤྱི་ཆིངས》(CITES)ཀྱི་ཟུར་བཀོད་ནང་བཅུག་པ་ཡིན།

ངོ་སྤྲོད་ལྟར་ན། 2018ལོ་ནས2021ལོའི་བར་ཁྲི་འདུ་རྫོང་དུ་ལོ་བཞི་ལ་བསྟུད་མར་རིགས་རྒྱུད་སྤེལ་བའི་ཁྲུང་ཁྲུང་སྐེ་ནག་གི་བྱིའུ་ཕྲུག་མཐོང་ཞིང་། གནས་ཚུལ་དེ་ལྟ་བུ་སྔོན་ཆད་གཏན་ནས་བྱུང་མ་མྱོང་། ཁྲུང་ཁྲུང་སྐེ་ནག་གིས་རིགས་རྒྱུད་སྤེལ་བར་སྐྱེ་ཁམས་ཁོར་ཡུག་གི་ཆ་རྐྱེན་ཤིན་ཏུ་མཐོ་བས། ཁྲུང་ཁྲུང་སྐེ་ནག་རིགས་རྒྱུད་སྤེལ་ནས་གསོན་ཚད་དེ་རང་བྱུང་ཁམས་སུ་ཅུང་དམའ་བ་རེད། ཡིན་ཡང་ད་ལྟ་ཁྲུང་ཁྲུང་སྐེ་ནག་མང་པོ་ཞིག་རྒྱལ་ཐང་རྩྭ་ཐང་དུ་གཞིས་ཆགས་ནས་འཚོ་སྡོད་བྱེད་པ་དེས་ཁྲི་འདུ་རྫོང་གི་སྐྱེ་ཁམས་དམིགས་ཚད་སོ་སོ་ཡག་པོ་ཡིན་པ་མཚོན་ཡོད། རྒྱ་ཆེ་ཞིང་ཁོད་སྙོམས་པའི་སྐྱེ་ཁམས་ཁོར་ཡུག་དང་ཕུན་སུམ་ཚོགས་པའི་བཟའ་བཅའི་ཐོན་ཁུངས་ཀྱིས་ཁྲུང་ཁྲུང་སྐེ་ནག་ལ་དམིགས་བསལ་གྱི་བདེ་སྡོད་བྱ་ཡུལ་ཞིག་མཁོ་འདོན་བྱས་ཡོད།

“ཁྲུང་ཁྲུང་སྐེ་ནག་ནི་ལོ་རེའི་ཟླ3པའི་ཟླ་མཇུག་ནས་ཟླ8པའི་ཟླ་སྟོད་བར་རྒྱལ་ཐང་རྩྭ་ཐང་དུ་འཕུར་ཡོང་བ་དང་། མིག་སྔར་ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་ལྔ་ལ་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་གྲངས་འབོར930ལྷག་ཟིན་ཡོད་ལ། ད་དུང་ལྟ་དཔྱད་ཚད་ལེན་ས་ཚིགས་ཁག་གཅིག་ཏུ་སླེབས་མེད་པས་ཚོད་དཔག་ལྟར་ན་ཆིག་སྟོང་ལྷག་ལས་བརྒལ་ཡོད། གཞན་ཡང་ཐེངས་འདིའི་ལྟ་དཔྱད་ཚད་ལེན་ཁྲོད་ཁྲུང་ཁྲུང་སྐྱ་བོ་བརྒྱ་ཙམ་ཡོད་པ་མཐོང་ཐུབ་བྱུང་ཞེས་རྒྱལ་ཐང་རྩྭ་ཐང་གི་ཁྲུང་ཁྲུང་སྐེ་ནག་གི་ཆེད་བསྐོས་ལྟ་དཔྱད་ཚད་ལེན་ལས་དོན་མི་སྣས་དེ་ལྟར་བཤད།

ཀྲུང་གོ་ཚན་རིག་ཁང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སུའོ་མཐོ་སྒང་སྐྱེ་ཁམས་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་ཚོད་རྩིས་བྱས་པ་ལྟར་ན། གོ་ལ་ཧྲིལ་པོའི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར9000ཡས་མས་ཡོད་པའི་ནང་ལོ་ལྟར་རིགས་རྒྱུད་སྤེལ་བའི་ཆ་གྲངས3000ནས4000བར་ཡིན་པ་དང་། ཉུང་མཐར་ཡང་ཆ་གྲངས1500ནས2000བར་མཚོ་སྔོན་དུ་རིགས་རྒྱུད་སྤེལ་བཞིན་ཡོད། མིག་སྔར་ཁྲུང་ཁྲུང་སྐེ་ནག་གི་རིགས་རྒྱུད་སྤེལ་བའི་གྲངས་འབོར་མང་ཤོས་གཙང་གསུམ་འབྱུང་ཡུལ་གྱི་བརླན་ས་ཡིན་པ་དང་། དེ་ནི་ཚྭ་འདམ་གཤོངས་ས་དང་མཚོ་སྔོན་པོའི་གཤོངས་ས། ཨ་ཆེན་གངས་རྒྱབ་ས་ཁུལ་བཅས་ཀྱི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ལས་བརྒལ་བ་རེད།

ཉེ་བའི་ལོ་ཤས་རིང་། ཁྲི་འདུ་རྫོང་གིས་ཀྲུང་གོའི་རྒྱལ་ནང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཚན་ཞིབ་རྩ་འཛུགས་དང་མཉམ་ལས་བྱས་ཏེ་རྒྱལ་ཐང་རྩྭ་ཐང་གི་ཁྲུང་ཁྲུང་སྐེ་ནག་དང་འབྲི་ཆུའི་འབབ་རྒྱུད་ཀྱི་གསའ་དང་དེའི་སྐྱེ་དངོས་སྣ་མང་རང་བཞིན་ལ་ཡུན་རིང་ལྟ་ཞིབ་ཚད་ལེན་བྱེད་པའི་དྲ་རྒྱ་ཞིག་བཙུགས་པ་དང་། ལྟ་ཞིབ་ཚད་ལེན་བྱས་པ་ལས་ཁྲུང་ཁྲུང་སྐེ་ནག་དང་གསའ་ཡིས་ཚབ་བྱེད་པའི་ཀྲུང་གོའི་རྩ་ཆེན་རི་སྐྱེས་སྲོག་ཆགས་སྣ་མང་རང་བཞིན་གྱི་ཁྱུ་ཚོགས་ཇེ་མང་དུ་འགྲོ་བཞིན་པ་མཚོན་ཐུབ། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།