ཐེང་ཅ་ཚའེ་ཡིས་ཟི་ལིང་གྲོང་ཁྱེར་དུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་སྒྲིག་ཨུའི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཐེང་ཅ་ཚའེ་སྔ་གཞུག་ཏུ། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་དང་ཟི་ལིང་གྲོང་ཁྱེར་སྒྲིག་ཁྲིམས་ཨུའི་ལྟ་ཞིབ་ཨུ་ལྷན་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་པར་ཕྱིན།

ཐེང་ཅ་ཚའེ་ཡིས་མཁར་ནུབ་ཁུལ་ཞིན་ཧའེ་ལམ་དོ་དམ་ཚོད་འཛིན་ཁུལ་དུ་འཐབ་ཕྱོགས་དང་པོར་བརྟན་སྲུང་བྱེད་པའི་རིམས་ནད་སྔོན་འགོག་ཚོད་འཛིན་མི་སྣ་དང་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པར་གཟིགས་ཞིབ་དང་འཚམས་འདྲི་གནང་ནས། རིམས་ནད་མཆེད་ཁུངས་དང་མི་སྣ་གྲལ་བཤེར། དངོས་ཟོག་གྲབས་གསོག་བཅས་དང་དེ་བཞིན་གཅིག་གྱུར་ལོགས་བཀར་མི་སྣའི་ཉིང་སྐྱུར་བརྟག་དཔྱད་དང་འཚོ་བའི་འགན་ལེན་སོགས་ཀྱི་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་གནང་། ཁོང་གིས་ས་ཁོངས་དོ་དམ་ཚོད་འཛིན་བྱ་ཡུལ་ནི་གྲོང་ཁྱེར་གྱི་ལྟེ་བར་གནས་པས། མི་སྣ་འདུ་འཛོམས་ཆེ་བ་དང་གྲུབ་ཆ་རྙོག་འཛིང་ཆེ་བར་བརྟེན། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཐད་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡི་གཅིག་གྱུར་མགོ་ཁྲིད་འོག་འཁོར་སྐྱོད་ཚད་ལྡན་ཡོང་བར་བྱེད་དགོས། ལྷུ་ཚིགས་ཁག་གི་མི་འདང་སར་གྲལ་བཤེར་གཏིང་ཟབ་བྱེད་པ་དང་། བྱ་བའི་ཞན་ཆ་གསབ་པ། བག་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་པ་མཐའ་གཅིག་ཏུ་ཁྱད་སེལ་བྱེད་པ། སྔ་དམ་ཕྱི་ལྷོད་ཀྱི་སྣང་ཚུལ་གཏན་འགོག་བྱེད་པ། ཐོག་མཐའ་བར་གསུམ་དུ་མཐའ་གཅིག་ཏུ་གཟབ་ནན་བྱེད་པ་དང་སླ་བཅོས་སྤུ་ཙམ་ཡང་མི་བྱེད་པ་བཅས་བྱེད་དགོས་པར་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།