མགོ་ལོག་ཉེན་རྟོག་ཕྱོགས་ཀྱིས་གློག་འཕྲིན་མགོ་གཡོག་མགོ་སྐོར་ཚོགས་པ་ཞིག་གཏོར།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་སྤྱི་བདེ་ཅུའུ་ཡིས་ཞིང་ཆེན་སྤྱི་བདེ་ཐིང་དང་མགོ་ལོག་ཁུལ་སྤྱི་བདེ་ཅུའུ་ཡི་རོགས་རམ་འོག  ཉིན20རིང་གི་དཀའ་སྤྱད་སྡུག་རུས་བྱས་པ་བརྒྱུད། གློག་འཕྲིན་དྲ་རྒྱའི་མགོ་གཡོག་མགོ་སྐོར་གཏོང་བའི་ཚོགས་པ་ཞིག་གཏོར་བ་དང་། ནག་ཚང3མེད་བརླག་ཏུ་བཏང་ལ། དོགས་ཡོད་ཉེས་ཅན17འཛིན་བཟུང་བྱས་ཤིང་། གྱོད་གཞི་དང་འབྲེལ་བའི་ཁ་པར60དང་དངུལ་ཁང་བྱང་བུ120བཙན་ཉར་བྱས་པ་དང་། གྱོད་འབྲེལ་མ་དངུལ་སྒོར་ཁྲི7000ལ་སླེབས།

ཟླ10བའི་ཚེས13ཉིན། རྨ་ཆེན་རྫོང་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་རུ་ཆེན་དུ་ལིག་ཆེ་གེ་མོས་གྱོད་དོན་སྙན་སེང་ཞུས་ནས་བཤད་རྒྱུར། “སྒོར་བསྐྱི་སླ་བ”ཞེས་པའིAppནས་སྒོར་བསྐྱི་ན། བདེན་དཔང་རབ་དང་རིམ་པ་བྱས་རྗེས། སྒོར44000ཡི་མ་དངུལ་རེ་ཞུ་བྱེད་ཐུབ་ཅིང་། “སྒོར་མོ་ལེན་པ”ཞེས་པ་མནན་ཚེ། སྒོར་ལེན་མི་ཐུབ་པས། དེའི་རྗེསAppའགྲུལ་ཞབས་ལ་བློ་འདྲི་བྱས་ཚེ། འགྲུལ་ཞབས་ཀྱིས་ད་ལྟ་སྒོར་མོ་ལེན་དགོས་ཚེ་ནུས་སློང་བྱེད་དགོས་པར་ཁ་གཡར་ནས། གནོད་ཐེབས་པས་བསྐྱི་དངུལ་གྱི་རེ་ཞུའི་ཚད་ཀྱི20%གཏའ་མར་འཇོག་པ་དང་། རེ་ཞུའི་བསྐྱི་དངུལ་གྱི30%ཡི་སྒོར་མོ་འཁོར་རྒྱུག་དུ་སྤྱོད་དགོས་ཚུལ་བཤད་དེ། སྔ་གཞུག་ཏུ་གནོད་ཐེབས་མཁན་གྱི་ལག་ནས་སྒོར34200གཡོ་ལེན་བྱས། གནོད་ཐེབས་མི་སྣས་མགོ་གཡོག་པ་ཤེས་ནས།རྨ་ཆེན་རྫོང་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་རུ་ཆེན་དུ་གྱོད་དོན་སྙན་སེང་ཞུས།

ལས་སྒྲུབ་ཉེན་རྟོག་པས་ཉིན་མང་པོའི་སྐོར་ཞིབ་ཁྲོད། ཀན་སུའུ་ནས་ཡིན་པའི་མཱ་ཆེ་གེ་མོས་ཟི་ལིང་གི་ཆང་ཁང་གི་ལས་སྒྲུབ་ཞོར་ནས། ཐེངས་མང་པོར་ཆང་ཁང་དེའི་ལས་སྒྲུབ་མི་སྣ་རྩ་འཛུགས་བྱས་ཏེ་དངུལ་ཁང་བྱང་བུ་སྒྲུབ་པ་དང་། དྲ་ཐོག་ཉོ་ཚོང་བྱས་ཏེ་ཁྲིམས་འགལ་གྱི་ཁེ་ཕན་བླངས། དུས་མཚུངས་སུ། མཱ་ཆེ་གེ་མོ་དང་ལས་གྲོགས་གཞན་དག་རྒྱུན་པར་ཟི་ལིང་གི་གཞིས་ཁུལ་ག་གེ་མོར་འགྲོ་འོང་བྱེད་བཞིན་ཡོད་པ་དང་། ཁུངས་སྣེ་གཞན་དག་ལས་མངོན་པ་ལྟར་ན། གཞིས་ཁུལ་དེའི་སྡོད་ཁང་ཞིག་ནི་གློག་འཕྲིན་དྲ་རྒྱའི་མགོ་གཡོག་མགོ་སྐོར་བྱེད་པའི་ནག་ཉེས་ཚོགས་པའི་ནག་ཚང་དུ་དོགས་གཞི་ཡོད་པ་རེད། ལས་སྒྲུབ་ཉེན་རྟོག་པས་སྐོར་ཞིབ་བྱས་པ་བརྒྱུད། ཧྥུའུ་ཅན་ནས་ཡིན་པའི་ཞའེ་ཆེ་གེ་མོ་དང་སུའུ་ཆེ་གེ་མོ་གཙོས་པའི་ནག་ཉེས་ཚོགས་པ་ཟི་ལིང་དུ་བསྡད་ཡོད་པ་དང་། ནག་ཚང3ནས་དངུལ་ཁང་བྱང་བུ་བསྡུ་རུབ་བྱས་ཏེ། གློག་འཕྲིན་ནག་ཉེས་ཚོགས་པར་སྒོར་མོའི་ནག་ཉེས་བཟོ་བའི་བྱ་སྤྱོད་ལག་བསྟར་བྱས། གོང་གི་ནག་ཚང3དུ་མི་སྣ་ཅུང་མང་ཞིང་། སྒྲིག་གཞི་གསལ་ལ། ལས་བགོས་གསལ་བ་དང་རྩ་འཛུགས་ཚགས་དམ་པས། དུས་ཡུན་རིང་བོར་ཟི་ལིང་དུ་མགོ་སྐོར་དང་སྒོར་མོའི་ནག་ཉེས་བཟོ་བཞིན་ཡོད།

རྗེས་མའི་སྐོར་ཞིབ་བྱས་པ་བརྒྱུད། ནག་ཉེས་ཚོགས་པ་དེའི་ནག་ཚང་གི་གནས་ཚུལ་ཤེས་རྗེས། ཆེད་དོན་ལས་སྒྲུབ་ཚན་ཆུང་གིས་ཁྱོན་ཡོངས་ནས་བརྡར་གཅོད་དབྱེ་ཞིབ་དང་འཛིན་བཟུང་བྱེད་ཐབས་གཏན་འཁེལ་བྱས་ནས། མྱུར་དུ་འཛིན་བཟུང་ལག་བསྟར་བྱས་པ་དང་། བདེ་བླག་ངང་མཱ་ཆེ་གེ་མོ་དང་། སུའུ་ཆེ་གེ་མོ། ཞའེ་ཆེ་གེ་མོ་གཙོས་པའི་དོགས་ཡོད་ཉེས་ཅན17འཛིན་བཟུང་བྱས་པ་མ་ཟད། ནག་ཉེས་ཡོ་བྱད་ཚང་མ་བསྡུ་ལེན་བྱས།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།