ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས31ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་ཝང་ཅན་ཅུན་དང་། ཧྲིན་ཀྲང་ངམ་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་ཞིན་ཁྲང་ཞིང་རྣམ་གཉིས་ཀྱིས་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད། འཐབ་ཕྱོགས་དང་པོའི་རིམས་ནད་འགོག་རྒོལ་མི་སྣར་གཟིགས་ཞིབ་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྱུར་མེད་སྲ་བརྟན་གྱི་མགོ་ཁྲིད་འོག་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་གི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་གནས་བབ་ཨང་དང་པོར་བཞག་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་ནན་མོ་དང་། ཏན་ཏིག ཞིབ་ཕྲ་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱེད་དགོས་པ་དང་། མི་ལ་དོ་དམ་བཟང་པོ་དང་སྒོ་དམ་དུ་སྲུང་བ། སྨན་ཁང་དུ་ལྟ་སྐྱོང་དང་རིམས་ནད་འགོས་པའི་ནད་པར་སྨན་བཅོས་བཟང་པོ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བར་ཞིབ་བཤེར་བྱེད་དགོས་ཞེས་ནན་གྱིས་བསྟན།
ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གཉིས་ཞིང་ཆེན་མི་དམངས་སྨན་ཁང་བཞི་པར་ཕེབས་ནས། པྲོག་གསར་གློ་ཚད་རིམས་ནད་འགོས་པའི་ནད་པར་སྨན་བཅོས་བྱེད་པའི་བྱ་བར་ཞིབ་ཕྲའི་ཁམས་འདྲི་གནང་བ་དང་། སྨན་བཅོས་ཆེད་མཁས་པ་དང་མཉམ་དུ་རིམས་ནད་ཀྱི་འཕེལ་ཕྱོགས་ལ་ཞིབ་འཇུག་དང་བརྡར་ཤ་བཅད་ནས་གནས་གཏན་འཁེལ་བྱས་པའི་སྨན་ཁང་ནི་རིམས་ནད་ལ་རྒོལ་བའི་འཐབ་རྩོད་ཀྱི་གཡུལ་ས་གལ་ཆེན་ཞིག་ཡིན་པས། ནད་པ་གཅིག་ཀྱང་མི་འཆི་བ་དང་། སྨན་བཅོས་མི་སྣར་རིམས་ནད་མི་འགོ་བ། སྨན་ཁང་ནང་ཁུལ་དུ་མི་འགོ་པ་བཅས་ཀྱི་མ་མཐའི་ཚད་གཞི་བསྲུངས་ཏེ། དམིགས་ཡུལ་ལྡན་པའི་སྒོ་ནས་མི་སྣར་གསོ་སྦྱོང་ཆེ་མོ་དང་། ལས་གནས་དམག་སྦྱོང་ཆེ་མོ། ལག་རྩལ་མཐོར་གཏོང་བྱེད་སྒོ་ཆེ་མོ་བཅས་སྤེལ་དགོས་པར་བསྟན། དེ་རྗེས་བརྙན་ལམ་བརྒྱུད་ནས་ལོགས་བཀར་ནད་ཁང་གི་སྨན་བཅོས་མི་སྣ་དང་འབྲེལ་བ་བྱས་ཏེ། ཁོང་ཚོར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་ཚོར་རང་ཉིད་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས་པ་མ་ཟད། ནུས་ཤུགས་ཡོད་རྒུས་སྨན་བཅོས་སྲོག་སྐྱོབ་ནང་ཞུགས་དགོས་པའི་བཀའ་མངགས་གནང་། ཐེན་དབྱིན་མགྲོན་ཁང་གི་གཅིག་སྡུད་ལོགས་བཀར་ས་ཚིགས་སུ་ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གཉིས་ཀྱིས་ལོགས་བཀར་ས་ཚིགས་བཀོད་སྒྲིག་དང་། ལྟ་ཞིབ་མི་གྲངས་བསྐོ་འཇོག མགྲོན་ཁང་བཀོད་སྒྲིག ལས་རེས་ལྟ་སྲུང་བྱེད་པ་སོགས་ཀྱི་གནས་ཚུལ་སྙན་ཞུ་ལ་གསན་ནས། གཅིག་སྡུད་ལོགས་བཀར་ལག་བསྟར་བྱེད་པ་ནི་རིམས་ནད་འགོ་བ་མཚམས་གཅོད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། གཅིག་སྡུད་ལོགས་བཀར་བྱ་ཡུལ་གྱི་ཕྱི་ནང་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ཚད་གཞི་ནན་ཤོས་ཀྱི་ཐོག་ནས་ལམ་ལུགས་ཁག་ཚད་ལྡན་ངང་དོན་འཁྱོལ་ཐུབ་པ་བྱེད་དགོས་ཞེས་ནན་གྱིས་བསྟན། ཞིན་ཧའེ་ལམ་ཤར་མདོའི་སྔོན་འགོག་ཚོད་འཛིན་ས་ཚིགས་སུ་ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གཉིས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ཁུལ་གྱི་བརྙན་པར་དཔེ་རིས་ལ་ལྟ་ཞིབ་བྱས་ནས་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་དང་། རིམས་ནད་མཆེད་ཁུངས་ལ་རིམས་ནད་རིག་པའི་བརྟག་དཔྱད། དངོས་ཟོག་གྲབས་གསོག་སོགས་ཀྱི་གནས་ཚུལ་རྒྱུས་ལོན་དང་། སྡེ་ཁུལ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་བཀག་སྡོམ་ལ་དོ་དམ་བྱེད་པའི་འགོག་སྲུང་འཛིང་རགས་གལ་ཆེན་ཞིག་ཡིན་པས། ཁོངས་གཏོགས་དོ་དམ་ལ་ཤུགས་སྣོན་དང་། སྡེ་ཁུལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ཚོགས་སྤྱིའི་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།
ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་རྣམ་གཉིས་ཀྱིས་ང་ཚོ་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་དུ་གྱུར་བ་ནས་བཟུང་ཆེས་ཛ་དྲག་ཆེ་བའི་འགྲན་རྩོད་དང་འཕྲད་ཡོད་པས། གློ་བུར་གསར་བྱུང་ནད་པ་བྱུང་བ་འདིས་རང་རེའི་མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་སླར་ཡང་དྲི་བ་ཆེན་པོ་ཞིག་བཏོན་ཡོད། དམིགས་བསལ་གྱི་དུས་སུ་དམིགས་བསལ་གྱི་བྱ་སྤྱོད་སྤེལ་དགོས་པ་དང་། དམིགས་བསལ་གྱི་བྱ་བ་སྒྲུབ་སྐབས་འགན་འཁྲི་ཧ་ཅང་ཆེན་པོ་ཁུར་ཏེ་བློ་ཐག་རྦད་ཆོད་ཀྱི་རྣམ་འགྱུར་དང་འཕྲལ་ཐག་ཆོད་པོའི་བྱེད་ཐབས་སྤྱད་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲ་བ་བརྟན་པོ་འཛུགས་དགོས། གནད་ཁེལ་སྒོས་མི་ལ་དོ་དམ་བཟང་པོ་བྱེད་པ་དང་། ས་སྲུང་གི་འགན་འཁྲི་ཡོད་པ་དང་རང་འགན་རང་འཁུར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ངེས་པར་དུ་དོ་དམ་ཚོད་འཛིན་ནན་མོ་དང་ནན་ཏན་གྱིས་ཅི་གསུང་དེ་སྒྲུབ་བྱེད་པ། ཆད་ལུས་ཁ་གསབ་དང་ཟུར་ཙམ་ཡང་མི་ལུས་པར་བྱེད་པ། ཞིབ་བཤེར་དང་ཚོད་འཛིན་ལ་གཏན་ནས་འཐུས་ཤོར་མི་བྱེད་པ། དོ་དམ་དང་འགོག་སྲུང་ལ་གཏན་ནས་འཐུས་ཤོར་མི་བྱེད་པ། ཁོངས་གཏོགས་དང་ལས་རིགས། ལས་ཁུངས། མི་སྒེར་བཅས་ཀྱི“ཕྱོགས་བཞིིས”འགན་འཁྲི་ནན་དུ་གཏོང་བ། ལྷུ་ཚིགས་རེ་རེ་དང་ཞིབ་ཕྲའི་གནས་རེ་རེ་ཚང་མར་མིས་འགན་འཁུར་བ་དང་དོན་འཁྱོལ་ཐུབ་པ། རིམས་ནད་མཆེད་སྲིད་པའི“འབར་གནས”མཐའ་གཅིག་ཏུ་མེད་པར་བཟོ་བ་བཅས་བྱས་ནས། ཐོབ་པར་དཀའ་བའི་སྲ་བརྟན་གྱི་གྲུབ་འབྲས་ལ་འགན་ལེན་ཏན་ཏིག་བྱེད་དགོས། སྒོ་མཐའ་གཅིག་ཏུ་ལེགས་པར་སྲུང་བ་དང་། མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཆ་འཕྲིན་མཉམ་སྤྱོད་ཤར་གཏོང་ཐུབ་པ། ཉེན་ཁ་ཆེ་བའི་ས་ཁུལ་གྱི་རིམས་ནད་ནང་དུ་འགོས་པ་ནན་འགོག་བྱེད་པ། ལྷག་པར་དུ་ཉེ་དུས་ཀྱི་ཉེན་ཁ་ཆེ་འབྲིང་ས་ཁུལ་ནས་ཕྱིར་ཟི་ལིང་དུ་ལོག་པའི་མི་སྣར་འགོག་སྲུང་ནན་མོ་བྱས་ནས། གཞི་གྲངས་ཆེན་མོ་གཅིག་སྡུད་དང་ཞིབ་འཇུག་བརྡར་གཅོད་དང་ཕྱོགས་བསྡུས་བེད་སྤྱོད་ལ་ཤུགས་སྣོན། འཕྲལ་ཏུ་ཆ་འཕྲིན་བསྐུར་བ་དང་། བཀོད་སྒྲིག་ཞིབ་ཚགས་དང་ཞིབ་བཤེར་གཏིང་ཟབ་བྱེད་པ། དུས་ཚོད་སྐར་ཆ་གཅིག་ཀྱང་འཐུས་ཤོར་མི་ཡོང་བ་དང་། གནད་དོན་གཅིག་ཀྱང་མི་ལུས་པ། ཞིབ་བཤེར་མཐར་ཕྱིན་བྱེད་པ། གཞི་གྲངས་ལ་འགན་ལེན་དང་། མི་འཚོལ་བ། དོ་དམ་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ་རིམས་ནད་ལས་རྣམ་པར་རྒྱལ་དགོས་པར་བསྟན།
ཡུས་ཚུང་ལེ་དང་ཁྲེན་རུའེ་ཧྥིན། ཁུང་ཡུང་། ལི་ཧུང་ཡ་བཅས་ཞུགས་ཡོད་པ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་རྣམ་གཉིས་ཀྱིས་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་།