ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས31ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་རིམས་ནད་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་གྱོད་གཞི་སྣ་ཚོགས་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས། རིམས་འགོག་ལས་དོན་མི་སྣར་རྡུང་བ་དང་དཀྲོག་གཏམ་བརྒྱུད་སྒྲོག་བྱེད་པ་སོགས་སྲིད་འཛིན་གྱོད་གཞི14ལ་ཁྲིམས་ལྟར་མྱུལ་ཞིབ་ཐག་གཅོད་བྱས་པ་དང་། མི15ལ་སྲིད་འཛིན་ཆད་པ་བཅད་དེ་ཟི་ལིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གོ་རིམ་ལྡན་ཞིང་བརྟན་འཇགས་ཡོང་བར་སྲུང་སྐྱོང་ནུས་ལྡན་བྱས།
ཤེས་གསལ་ལྟར་ན། ཟི་ལིང་ཉེན་རྟོག་ཕྱོགས་ཀྱིས་མི་དམངས་སྲིད་གཞུང་གིས་གནས་ཚུལ་ཛ་དྲག་འོག་ཁྲིམས་ལྟར་ཁྱབ་བསྒྲགས་བྱས་པའི་གཏན་འབེབས་བཀའ་རྒྱ་ལག་བསྟར་གཏན་ནས་མི་བྱེད་པ་དང་། བསམ་བཞིན་དཀྲོག་གཏམ་སྒྲོག་སྤེལ་དང་སྤྱི་དམངས་ཀྱི་གསང་བ་ཕྱིར་སྒྲོག་པ་སོགས་རིམས་ནད་དང་འབྲེལ་བའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བའི་གཟབ་ནན་རྣམ་པ་རྒྱུན་འཁྱོངས་བྱས་ཡོད། ཉེ་ཆར་རིམས་འགོག་མི་སྣར་རྡུང་བ་དང་རིམས་ནད་དང་འབྲེལ་བའི་དཀྲོག་གཏམ་སྒྲོག་པ། སྤྱི་དམངས་ཀྱི་གསང་བ་ཕྱིར་བསྒྲགས་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་བྱུང་བ་ལ་དམིགས་ནས། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་པ་དང་འབྲེལ། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་གི་སྤྱི་བདེ་སྡེ་ཁག་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ནུས་ཤུགས་ཡོད་རྒུས་དྲ་ཐོག་དང་ཡུལ་དངོས་ཀྱི་སྒྲིག་ལམ་བརྟན་པོ་ཡོང་བར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།
ཟི་ལིང་ཉེན་རྟོག་ཕྱོགས་ཀྱིས་རྒྱ་ཆེའི་མང་ཚོགས་རྣམས་ལ། ངེས་པར་དུ་རིམས་འགོག་མི་སྣའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གོ་རིམ་དང་ལྡན་པར་འགན་ལེན་བྱེད་དགོས་པ་དང་། དུས་མཚུངས་སུ་བློ་རིག་གསལ་མོས་གང་ཡིན་ལ་ཡིད་མི་ཆེས་པ་དང་ཡིད་རྨོངས་ནས་གཞན་རྗེས་སུ་མི་འབྲངས་བ། རིམས་ནད་དང་འབྲེལ་བའི་ཆ་འཕྲིན་རྫུན་མ་སྣ་ཚོགས་རང་རྟོགས་ངང་བཀག་འགོག་བྱས་ཏེ། དཀའ་ཐུབ་ལས་བྱུང་པའི་རིམས་འགོག་གི་གྲུབ་འབྲས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། དཀྲོག་གཏམ་སྒྲོག་པ་དང་ཉེན་ཁ་དང་རིམས་ནད། ཉེན་ཟོན་སོགས་དང་འབྲེལ་བའི་གནས་ཚུལ་རྫུན་བཟོ་སྒྲོག་སྤེལ་བྱས་ཏེ་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་བསམ་བཞིན་དུ་སྤྱི་བའི་སྒྲིག་ལམ་དཀྲུག་པའི་སྣ་འདྲེན་དག་ལ་བཅའ་ཁྲིམས་ལྟར་ཉིན5ཡན་ནས་ཉིན10མན་གྱི་བཀག་ཉར་བྱེད་རྒྱུའམ་ཡང་ན་སྒོར500མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་གསོག་ཚབས་ཅུང་ཆུང་བར་ཉིན5མན་གྱི་བཀག་ཉར་བྱེད་རྒྱུའམ་ཡང་ན་སྒོར500མན་གྱི་དངུལ་ཆད་གཅོད་རྒྱུ། ཆ་འཕྲིན་རྫུན་བཟོ་བྱེད་པའམ་ཡང་ན་ཆ་འཕྲིན་རྫུན་མ་ཡིན་པ་ཤེས་བཞིན་དུ་དྲ་རྒྱའི་ཐོག་ཁྱབ་སྤེལ་བྱེད་པའམ་ཡང་ན་མི་སྣ་སྒྲིག་འཛུགས་དང་ངན་སྐུལ་བྱས་ཏེ་ཆ་འཕྲིན་དྲ་རྒྱའི་ཐོག་ཁྱབ་སྤེལ་བྱས་ནས་ཟིང་ཆ་སློང་བ་དང་། སྤྱི་བའི་སྒྲིག་ལམ་ལ་ཟིང་ཆ་ཆེན་པོ་བཟོས་པར་བསྙད་རྐོ་ཟིང་སློང་གི་ནག་ཉེས་སུ་བརྩིས་ནས་ཉེས་ཆད་གཅོད་རྒྱུ་ཡིན་ཞེས་དྲན་སྐུལ་གནང་།།
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
ཟི་ལིང་སྤྱི་བདེ་ཕྱོགས་ཀྱིས་རིམས་ནད་དང་འབྲེལ་བའི་ཁྲིམས་འགལ་གྱོད་གཞི14ཡི་མི15ཞིབ་བཤེར་ཐག་གཅོད་བྱས་པ།